དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་སུ་དུས་བབ་ཞི་ལྷོད་དུ་འགྲོ་ཚུལ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།ཏིང་ཀང་དང་། ཝུའུ་ཁྲེང་ལེའང་། ཅིས་ཕེ་ཅོན་བཅས་ཀྱིས།   |     སྤེལ་དུས།  2015-05-15

        ད་ཆ་ཁྱིམ་གཞིས་ལ་བསྐྱར་ལོག་བྱ་རྒྱུ་དེ་ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ས་ཁུལ་གྱི་མི་སེར་ཚོའི་བསམ་འདུན་ཆེ་ཤོས་ཤིག་རེད། ཟླ་5ཚེས་2ཉིན་ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ས་ཁུལ་དུ་དུས་བབ་ཞི་ལྷོད་དུ་སོང་བའི་གནས་ཚུལ་གཞི་ནས་ཐོས་ཐུབ་པར་བྱུང་ཡོད།། ཁམ་ཕུ་ཁྲེའི་རྒྱལ་ཡོངས་གནོད་འཚེ་དོ་དམ་ཨུ་ལྷན་གྱི་དཔོན་ཕྱོགས་ཀྱིས་མཐའ་མཚམས་ཀྱི་དུས་བབ་གནས་སྐབས་ཞི་ལྷོད་སླར་གསོ་བྱུང་བར་བརྟེན་དམག་འཁྲུག་གི་མེ་ལྕེའི་ཤུགས་རྐྱེན་ཐེབས་ནས་ཁྱིམ་གཞིས་ནས་ཁ་བྲལ་དགོས་བྱུང་བའི་ཁམ་ཕུ་ཁྲེའི་མི་སེར་ཁྱོན་ཁྲི་3.7ཙམ་ནང་གི་10%་ནས་15%བར་གྱི་མི་སེར་ཁྱིམ་གཞིས་ལ་བསྐྱར་ལོག་བྱེད་འགོ་ཚུགས་ཡོད་ཅེས་བཤད། ཐེ་ལན་གྱི་ཙུང་ལི་ཨ་ཕི་ཧྲི་ཡིས་མཐའ་མཚམས་ཀྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་སོང་བ་དེ་ནི “དྲང་ཕྱོགས་ཀྱི་གནས་ཚུལ ”ཞིག་རེད་ཅེས་གསུངས་པ་དང་ཁོང་གིས “སླད་ཕྱིན་ཉིན་ཤས་རིང་གི་དུས་བབ་ལ་ང་ཚོས་དོ་སྣང་བྱས་ནས་མི་སེར་རྣམས་ཁྱིམ་གཞིས་ལ་ཕྱིར་ལོག་བྱེད་དུ་འཇུག་མིན་ཐད་བསམ་གཞིགས་བྱེད་ཀྱི་ཡིན ”ཞེས་གསུངས་པ་རེད།

        ཟླ་4ཚེས་29ཉིན་གསར་འགོད་པ་ཐེ་ལན་གྱི་རྒྱལ་ས་པང་ཁོག་ནས་རླངས་འཁོར་བསྡད་དེ་བར་ཐག་སྤྱི་ལེ་480སར་ཡོད་པའི་ཐེ་ལན་གྱི་ཤར་བྱང་ཕྱོགས་ཀྱི་སུའུ་ལིན་ལས་ཞག་ཁང་དུ་བསྐྱོད། དེ་ག་ནི་ཟླ་4ཚེས་22ཉིན་ཐེ་ལན་དང་ཁམ་ཕུ་ཁྲེའི་དབར་རེས་འཁོར་གསར་པའི་གདོང་ཐུག་བྱུང་བའི་ཐེ་ལན་ཕྱོགས་ཀྱི་དམག་འཁྲུག་གི་མེ་ལྕེའི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གཙོ་བོ་ཞིག་རེད། རླངས་འཁོར་བསྡད་དེ་ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ལམ་ཐིག་དང་མཉམ་འགྲོ་ཡིན་པ་མ་ཟད་བར་ཐག་ཀྱང་སྤྱི་ལེ་20ལྷག་ཙམ་ལས་མེད་པའི་གཞུང་ལམ་ཨང་224པ་བརྒྱུད་སྐྱོད་སྐབས་གསར་འགོད་པས་ལམ་འགྲམ་གྱི་མི་སེར་ཚོའི་འཚོ་བ་སྤྱིར་ན་རྒྱུན་གཏན་ཡིན་པ་དང་གྲོང་མི་ལ་ལས་ཞིང་ཁའི་ནང་ལས་ཀ་བྱེད་བཞིན་ཡོད་པ་དང་ལ་ལས་ལམ་འགྲམ་དུ་བུར་ཤིང་འཚོང་བཞིན་ཡོད་པ་མཐོང་བྱུང་། འོན་ཀྱང་གསར་འགོད་པར་མཐའ་མཚམས་དང་བར་ཐག་ཉེ་རུ་སོང་སྐབས་རླངས་འཁོར་དང་འགྲོ་འོང་བྱེད་མཁན་ཉུང་དུ་སོང་བ་དང་ཉེ་འགྲམ་གྱི་གྲོང་ཚོར་མི་མཐོང་རྒྱུ་མེད་པར་གྱུར་ནས་ཛ་དྲག་གི་རྣམ་པས་ཁེངས་པ་མཐོང་བྱུང་། མཐའ་མཚམས་དང་བར་ཐག་སྤྱི་ལེ་10ཙམ་ཡོད་པའི་སར་ཐེ་ལན་དམག་དཔུང་གི་སོ་ལྟ་བས་ང་ཚོ་བཀག་བྱུང་།

        ཟླ་4ཚེས་22ཉིན་ནས་བཟུང་ཐེ་ལན་དང་ཁམ་ཕུ་ཁྲེའི་དམག་དཔུང་དབར་དེའི་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་དུ་རྒྱུན་བསྲིང་ངང་མེ་མདའ་རྒྱག་རེས་བྱས་པས་དམག་མི་དང་མི་སེར་ཚུད་པའི་མི་10ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ལྷག་ཙམ་ལ་རྨས་སྐྱོན་བྱུང་ནས་ཕྱོགས་གཉིས་པོའི་མི་སེར་ཁྱོན་ཁྲི་8ཙམ་ཁ་མ་བཀྲམ་ཀ་མེད་བྱུང་ཡོད། ཟླ་4ཚེས་28ཉིན་ཐེ་ལན་དང་ཁམ་ཕུ་ཁྲེའི་ཕྱོགས་གཉིས་ཀྱི་དམག་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་བཞག་ཀྱང་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་སླར་ཡང་མེ་མདའ་རྒྱག་རེས་ཀྱི་གནས་ཚུལ་ཐོན་པ་རེད།

        མིག་སྔའི་དུས་བབ་ནས་བལྟས་ན་མཐའ་མཚམས་ཀྱི་གདོང་ཐུག་དེ་ཕྱོགས་གཉིས་པོས་ཚོད་འཛིན་བྱེད་བཞིན་ཡོད་པས་གཞི་ཁྱོན་དེ་བས་ཆེ་བའི་དམག་འཁྲུག་ཐོན་མི་སྲིད་ཀྱང་གལ་ཏེ་གདོང་ཐུག་རྒྱུན་ཆད་མེད་པར་བྱུང་ཚེ་འགལ་བ་ཆུང་ཆུང་ནས་འགལ་བ་ཆེན་པོར་འགྱུར་སྲིད་ལ་དམངས་ཚོགས་ཀྱི་བསམ་ཚུལ་ལ་འགྱུར་ལྡོག་ཀྱང་ཡོང་སྲིད།

        མིག་སྔར་ཕྱོགས་གཉིས་པོས་མཐོ་རིམ་གྱི་འབྲེལ་གཏུག་སྔར་བཞིན་བྱེད་མི་ཐུབ་པ་མ་ཟད། དཔོན་རིགས་དང་སྤྱི་དམངས་འགའ་ཞིག་དང་སྨྱན་སྦྱོར་འགའ་ཞིག་གི་རྣམ་འགྱུར་ཡང་སྔར་བས་ཤུགས་དྲག་ཆེ་རུ་སོང་ཡོད། ཕྱོགས་གཉིས་པོས་གླེང་ཕྱོགས་ཐོག་ནས “རྩོད་གླེང ”བྱས་པ་དེ་དུས་བབ་ཞི་ལྷོད་དུ་འགྲོ་བར་ཕན་ཐོགས་མེད་པ་དེ་སྨོས་ཅི་དགོས།

        ཐེ་ལན་དང་ཁམ་ཕུ་ཁྲེའི་ཕྱོགས་གཉིས་པོས་ཞི་བའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ནན་བཤད་བྱས་ཀྱང་ལངས་ཕྱོགས་ཐད་སྔར་བཞིན་ཧེ་བག་ཆེ་ཙམ་ཡོད། ཁམ་ཕུ་ཁྲེས་ངེས་པར་དུ་ཕྱོགས་གསུམ་པོས་ལྟ་ཞིབ་པ་བཏང་ནས་དམག་འཁྲུག་མཚམས་འཇོག་བྱེད་པའི་བར་འདུམ་ནང་ཞུགས་དགོས་པ་མ་ཟད། ཕྱོགས་གསུམ་པོའི་ལྟ་སྐུལ་འོག་ཡུན་རིང་རང་བཞིན་གྱི་དམག་འཁྲུག་མཚམས་འཇོག་ཐུབ་པ་བྱེད་དགོས་པ་མུ་མཐུད་ངོས་འཛིན་བྱེད་ཀྱི་ཡོད། ཁམ་ཕུ་ཁྲེས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྐུར་བའི་ཡི་གེའི་ནང་ཐེ་ལན་གྱིས་ཕྱོགས་གཉིས་པོའི་གྲོས་མོལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དེ་ནི་ཁམ་ཕུ་ཁྲེ་རུ་ཚུར་རྒོལ་བྱེད་པར་ཁ་གཡར་ས་ཞིག་འཚོལ་ཆེད་རེད་ཅེས་བརྗོད། འོན་ཀྱང་ཐེ་ལན་ཕྱོགས་ཀྱིས་སྔོན་དུ་ཕྱོགས་གཉིས་པོའི་གྲོས་མོལ་བྱ་རྒྱུའི་མཐའ་འཁྱོངས་བྱེད་ཀྱི་ཡོད། ཟླ་5ཚེས་2ཉིན 《མན་ཀུའུ་སྦྲག་སྲིད་ཚགས་པར 》ཐོག་ཆེད་བརྗོད་སྤེལ་ནས་ཐེ་ལན་གྱིས་ངེས་པར་དུ་ཕྱོགས་གཉིས་པོས་གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཐག་གཅོད་བྱ་རྒྱུའི་ལངས་ཕྱོགས་བརྟན་སྲུང་བྱེད་དགོས། ཐེ་ལན་གྱི་དམངས་ཚོགས་ཀྱིས་མཐའ་མཚམས་ཀྱི་གདོང་ཐུག་གནད་དོན་དེ་ཡུན་རིང་གནས་སྲིད་པ་མ་ཟད། སླད་ཕྱིན་དམག་དོན་གྱི་གདོང་ཐུག་སྔར་བཞིན་རྒྱུན་ཆད་མེད་པར་ཐོན་སྲིད་པའི་ངོས་འཛིན་ཐུབ་པ་བྱེད་དགོས་ཞེས་བཀོད་ཡོད། དེར་བརྟེན་དབྱི་ཞིབ་མི་སྣས་ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་སུ་གང་མགྱོགས་དམག་འཁྲུག་མཚམས་འཇོག་ཐུབ་མིན་ཐད་ཐེ་ཚོམ་གྱི་རྣམ་འགྱུར་འཛིན་གྱི་ཡོད་པ་རེད།

        པོ་ཝུའེ་ཞ་དགོན་པ་དང་དེ་བཞིན་ཉེ་འགྲམ་ས་ཁུལ་གྱི་བདག་དབང་སུ་གཏོགས་ཀྱི་གནད་དོན་དེ་ནི་རེས་འཁོར་དེ་གའི་གདོང་ཐུག་བྱུང་བའི་སྲོག་ཤིང་གི་གནད་དོན་ཞིག་རེད། མིག་སྔར་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་གནད་དོན་དེའི་ཐད་རྒྱལ་སྤྱིའི་ཁྲིམས་རར་གོང་གཏུག་ཞུས་པ་དེའི་ཐད་ཐེ་ལན་ཕྱོགས་ཀྱིས་ཁྲིམས་རྩོད་པ་དང་མཁས་དབང་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ཁ་གཏད་ཧུར་ཐག་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།

        tuའདི་ནི་ཐེ་ལན་གྱི་སུའུ་ལིན་གྲོང་མཁར་པ་ས་རྫོང་གི་ཉེན་གཡོལ་ཁུལ་དུ་ཉེན་གཡོལ་དུ་ཡོང་བའི་གྲོང་མི་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།