ཟླ་4ཚེས་27དང་28ཉིན་ཀྲུང་གོ་དང་ཨ་རིས་པེ་ཅིང་དུ་འགྲོ་བ་མིའི་ཐོབ་ཐང་གི་གླེང་མོལ་བྱས་པར་ཕྱོགས་ཁག་གིས་རྒྱ་ཁྱབ་ངང་དོ་ཁུར་བྱས་ཤིང་། འགྲོ་བ་མིའི་ཐོབ་ཐང་གི་ཐོག་ནས་མིའི་ལ་རྒྱ་དང་རིན་ཐང་ཐད་ཀྱི་བརྩི་འཇོག་མངོན་གྱི་ཡོད། སྤྱི་ཚོགས་ལམ་ལུགས་དང་། འཕེལ་རྒྱས་ཀྱི་དུས་མཚམས། ལོ་རྒྱུས་དང་རིག་གནས་བཅས་ཀྱི་ཐད་མི་འདྲ་ས་ཡོད་པའི་དབང་གིས་རྒྱལ་ཁབ་ཁག་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་མི་མཐུན་པའི་ཆ་གནས་ཡོད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་མཉམ་ལས་དེ་སྐྱོན་བྲལ་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་གོས་དུས་རབས་གོང་མའི་ལོ་རབས་90པར་འགྲོ་བ་མིའི་ཐོབ་ཐང་གི་གླེང་མོལ་བྱེད་རྒྱུའི་འདོད་ཚུལ་སྔོན་ལ་བཏོན་པ་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམ་གྱིས་དང་ལེན་ཡང་བྱས་ཡོད།
གླེང་མོལ་ཡིན་པས་ཕན་སྐུལ་རང་བཞིན་ལྡན་དགོས་པ་དང་ཕན་ཚུན་སྤེལ་རེས་དང་བསམ་ཤེས་བྱེད་དགོས། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་རྒྱུ་དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གླེང་མོལ་གྱི་རྩ་དོན་ཡིན་དགོས་ལ་ཀྲུང་གོས་རྒྱལ་ཁབ་གཞན་དང་གླེང་མོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་དེའི་ཐོག་ཀྲུང་གོས་1990ལོ་ནས་བཟུང་ཨ་རི་དང་འགྲོ་བ་མིའི་ཐོབ་ཐང་གི་གླེང་མོལ་བྱས་ཡོད། དེ་རྗེས་དབྱིན་ཇི་དང་། འཇར་མན། ཡོ་རོབ་མནའ་འབྲེལ། ཨུ་རུ་སུ། ཨོ་སི་ཁྲུ་ལི་ཡ། ཁུ་པ་སོགས་རྒྱལ་ཁབ་དང་ཡང་ན་རྩ་འཛུགས་20ཙམ་དང་འགྲོ་བ་མིའི་ཐོབ་ཐང་གི་གླེང་མོལ་ལམ་ཡང་ན་གྲོས་མོལ་བྱས་པ་དེའི་ནང་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡོད་ལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱང་ཡོད།
གླེང་མོལ་བྱས་པ་དེས་ཕན་ཚུན་དབར་ཤེས་རྟོགས་ཡོང་ཤུགས་ཆེ་རུ་ཕྱིན་ཡོད། ཕྱི་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་ཀྱིས་རྟག་ཏུ་གླེང་མོལ་བྱས་རྗེས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་སྣང་ཚུལ་ཧ་ཅང་ལེགས་པོ་ཡོད་པ་དང་། གྲུབ་འབྲས་ནི་སུབ་ཐབས་བྲལ་བ། ལག་ལེན་མང་པོ་ཞིག་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་བརྒལ་ཡོད་པ་ལས་ནུབ་ཕྱོགས་སྨྱན་སྦྱོར་ཚན་པ་ཁག་གཅིག་གིས་དྲིལ་བསྒྲགས་བྱས་པ་ལྟར་གྱི་སྡུག་པོ་དེ་འདྲ་གཏན་ནས་མི་འདུག་ཅེས་ཚོར་སྣང་ཆེན་པོས་བརྗོད་ཡོད།
གླེང་མོལ་བྱས་པ་དེས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ལ་སྐུལ་མ་ཐེབས་ཡོད། འགྲོ་བ་མིའི་ཐོབ་ཐང་གི་གླེང་མོལ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་མཉམ་ལས་རྣམ་གྲངས་ནང་ཞུགས་མཁན་ཚན་པའི་ནང་རྟག་ཏུ་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་དང་། སྤྱི་བདེ། ཞིབ་དཔྱོད། ཁྲིམས་འཛིན། ཆོས་ལུགས་སོགས་སྡེ་ཚན་མང་པོ་དང་དེ་བཞིན་རིག་གཞུང་སྒྲིག་གཞི་དང་སྲིད་གཞུང་མིན་པའི་རྩ་འཛུགས་ཚུད་ཡོད། ཕྱོགས་གཉིས་པོས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པའི་ཐད་ཀྱི་གྲུབ་འབྲས་ཐོབ་པའི་བྱེད་སྟངས་སྤེལ་རེས་དང་ གནས་པའི་གནད་དོན་ལ་ཐུན་མོང་ཐོག་ཞིབ་དཔྱད་བྱས་ཏེ་སྐྱོན་སྤང་དགེ་སྒྲུབ་དང་ཕན་ཚུན་དཔྱད་གཞིར་བྱས་ཏེ་རང་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།
གླེང་མོལ་གྱི་ཐོག་ནས་ཀྲུང་གོའི་སྒོ་དབྱེའི་རྣམ་པ་མངོན་ཡོད། ཀྲུང་གོས་གླེང་མོལ་བྱེད་པར་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་འཛིན་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལེགས་སྐྱེས་ཕུལ་བ་ཞིག་ཡིན། དགེ་མཚན་ལྡན་པའི་སྒོ་ནས་རྒྱལ་ཁབ་གཞན་དང་གླེང་མོལ་བྱས་པ་དེ་ལས་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་ཀྱི་ཀྲུང་གོའི་སྒོ་དབྱེའི་རྣམ་འགྱུར་མངོན་ཡོད།
གླེང་མོལ་གྱི་འཕེལ་རིམ་དེ་བགེགས་མེད་བདེ་བགྲོད་ཅིག་མེད་པ་སྨོས་མེད་རེད། འོན་ཀྱང་རྩ་དོན་གྱི་གནད་དོན་ཐད་ཀྲུང་གོ་སྲིད་གཞུང་གིས་འོས་མེད་སྟུན་ཐབས་གཏན་ནས་བྱས་མེད་ལ་དེ་ལྟར་བྱས་པའི་དབང་དུ་བཏང་ནའང་ཀྲུང་གོ་མི་དམངས་ཀྱིས་ཀྱང་ཁས་ལེན་གྱི་མ་རེད། ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འཆར་གཞི་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་རང་ཉིད་ཀྱིས་བཟོ་གི་ཡོད་པས་ཕྱི་རྒྱལ་གྱིས་བྱུང་རྒྱལ་དུ་སྐྱོན་འཛུགས་བྱེད་མི་ཆོག་ལ་མི་གང་ཞིག་གིས་བྱེད་ཐབས་གང་ཞིག་ལ་བརྟེན་ནས་རྩ་སློག་དང་གཏོར་བཤིག་དེ་བས་གཏོང་མི་ཆོག རང་ཉིད་ཀྱི་འདོད་པ་ལྟར་རྒྱལ་ཁབ་གཞན་ལ་བཙན་ཤེད་ཀྱིས་བྱ་སྤྱོད་སྤེལ་དུ་བཅུག་པ་དེ་རང་ནི་དམངས་གཙོ་ཞིག་མིན་ལ་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ལྟ་བ་དང་ཡང་འགལ་ཡོད། གླེང་མོལ་དང་སྤེལ་རེས་བྱེད་པ་དེ་ནི་སྔར་ནས་བཟུང་ཕྱོགས་གཉིས་ཀར་ཕན་པ་ཐོབ་པ་བྱ་རྒྱུ་ཞིག་ཡིན་ཞིང་། གལ་ཏེ་རྒྱལ་ཁབ་ལ་ལས་གླེང་མོལ་ཕུད་པའི་བྱེད་ཐབས་གཞན་ལ་བརྟེན་ཏེ་ཀྲུང་གོར་གནོན་ཤུགས་སྤྲོད་རྒྱུ་མཐའ་འཁྱོངས་བྱས་ཚེ་དེ་ནི་ལམ་ལྷོངས་ཡོང་ཐབས་བྲལ་བ་ཞིག་རེད།
འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་པའི་བྱེད་སྟངས་དེའི་ཁྲོམ་ར་རིམ་གྱིས་མེད་པར་འགྱུར་འགྲོ་བ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དང་ཚད་གཞི་གཉིས་ལྡན་བཟོ་བ་དེ་ཡང་དེ་བས་མིའི་བློ་ལ་བབ་ཐབས་བྲལ་བ་ཞིག་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་འཕེལ་རྒྱས་ཐོག་ནས་ཁྱེད་དགའ་པོ་བྱུང་ཡང་རུང་དགའ་པོ་མ་བྱུང་ཡང་རུང་གླེང་མོལ་དང་མཉམ་ལས་བྱེད་པའི་རླབས་རྒྱུན་དེ་མདུན་ཕྱོགས་སུ་བྲག་ཏུ་བཞུར་བ་ལས་ལྟག་ལོག་བརྒྱབ་ཐབས་བྲལ་བ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད།