མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་དང་། ལུའོ་ཧྲན་ཅི། དབྱི་སི་ལམ་པོ་བཅས་ནས་ཟླ་5ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་1ཉིན་གྱི་ཆུ་ཚོད་23དང་སྐར་མ་35ཐོག་ཨ་རིའི་ཙུང་ཐུང་ཨའོ་པ་མས་ཕོ་བྲང་དཀར་པོར་བཪྙན་འཕྲིན་གཏམ་བཤད་སྤེལ་ནས “ཨ་རིས་རྟེན་གཞིའི་རྩ་འཛུགས་ཀྱི་འགོ་པ་པན་·ལ་ཏེན་མེད་པ་བཟོ་བའི་བྱ་སྤྱོད་ལེགས་གྲུབ་ཟིན་པ་དང་ཁོ་པ་ནི་ཉེས་མེད་མི་སེར་དམར་གསོད་གཏོང་མཁན་གྱི་འཇིགས་སྐུལ་པ་རེད ”ཅེས་ཁྱབ་བསྒྲགས་བྱས་པ་རེད། གཞན་ཡང་ཕ་ཁི་སི་ཐན་གྱི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་2ཉིན་ཕ་ཁི་སི་ཐན་གསང་འཕྲིན་དཔོན་རིགས་ཀྱིས་པན་·ལ་ཏེན་ས་གནས་དེ་གའི་དུས་ཚོད་ཚེས་2ཉིན་གྱི་ཐོ་རེངས་སུ་དབྱི་སི་ལམ་པོ་ཡི་ཉེ་འགྲམ་དུ་བསད་པ་ར་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཨའོ་པ་མས་པན ·ལ་ཏེན་གབ་སའི་གསང་འཕྲིན་ཤེས་རྗེས་ཟླ་4ཚེས་30ཉིན་གྱི་ཕྱི་དྲོ་གློ་བུར་བྱ་སྤྱོད་སྤེལ་དགོས་པའི་ཁྱབ་བསྒྲགས་བྱས་ཤིང་། ཟླ་5ཚེས་1ཉིན་གྱི་ཐོ་རེངས་སུ་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་དམག་དོན་དཔུང་སྡེ་དང་ཨ་རིའི་མཚོ་དམག་རྩེར་སོན་དཔུང་སྡེའི་མཚོ་གཟིག་འཕྲལ་རྒོལ་རུ་ཁག་དྲུག་པས་མཉམ་འབྲེལ་ཐོག་ལས་འགན་དེ་འཁུར་བ་རེད། པན ·ལ་ཏེན་གྱི་མགོ་ལ་མདེའུ་ཕོག་ནས་ཤི་བ་ཕུད་ད་དུང་སྐྱེས་པ་དར་མ་གསུམ་ཤི་བའི་ནང་ཁོ་པའི་བུ་གཅིག་ཡོད་པ་རེད།
པན ·ལ་ཏེན་བསད་པའི་གནས་ཚུལ་དེས་ཨ་རི་དང་འཛམ་གླིང་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། རྒྱལ་སྤྱིའི་གླེང་ཕྱོགས་ཁག་གཅིག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་དམག་འཐབ་མཇུག་སྒྲིལ་མེད་མོད། འོན་ཀྱང་རྟེན་གཞིའི་རྩ་འཛུགས་དང་འཐབ་རྩོད་བྱེད་པའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་པའི་ངོས་འཛིན་བྱས་ལ་ཡང་གླེང་ཕྱོགས་ལ་ལས་གཟབ་ནན་ནམ་ཡང་ན་སེམས་ཁྲལ་གྱི་རྣམ་འགྱུར་བསྟན་ཡོད། དེ་ཉིན་ཨ་རིའི་རྒྱལ་དོན་ཁང་གིས་ཕྱིའི་རྒྱལ་ཁབ་ཏུ་ཡུལ་སྐོར་བྱེད་མཁན་ནམ་ཡང་ན་ཕྱི་རྒྱལ་དུ་ཡོད་པའི་ཨ་རིའི་སྤྱི་དམངས་ལ་པན་·ལ་ཏེན་ཤི་བའི་རྐྱེན་གྱིས་ཨ་རིར་ངོ་རྒོལ་བྱེད་པའི་འཇབ་རྒོལ་ཐོན་བཟོ་ཡོད་པར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་ཁྱབ་བསྒྲགས་བྱས་པ་རེད།
2001ལོའི་ཟླ་9ཚེས་11ཉིན་ཉིའུ་གཡོད་འཛམ་གླིང་ཚོང་དོན་ལྟེ་གནས་དང་ཝ་ཧྲིང་ཐོན་ཟུར་ལྔའི་ཐོག་མཁར་སོགས་སུ་འཇིགས་སྐུལ་གྱི་འཇབ་རྒོལ་ཕོག་པ་ནས་བཟུང་ཨ་རིས་པན ·ལ་ཏེན་ནི “9·11” དོན་རྐྱེན་གྱི་ཉེས་གསོག་དོགས་ཅན་གཏེ་པོར་བརྩིས་པ་རེད།