མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་5ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཐི་རི་ཕོ་ལི་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་1ཉིན་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལིའི་སྤྱི་དམངས་ཀྱིས་མུ་མཐུད་ཁྲོམ་གཞུང་དུ་བསྐྱོད་དེ་བྱང་ཆིངས་གྱིས་ལི་པི་ཡའི་འགོ་ཁྲིད་ཁ་ཀྲ་ཕེའི་བུ་དང་ཚ་བོ་འབར་མདེལ་དབྱུགས་ནས་བསད་པར་རྒོལ་གཏམ་བཏང་བ་དང་ཁ་ཀྲ་ཕེར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་བྱས་ཡོད།
ཟླ་4ཚེས་30ཉིན་གྱི་མཚན་མོ་ལི་པི་ཡ་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ས ·དབྱི་པུ་ལ་ཤིན་གྱིས་འཕྲལ་དུ་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་ཏེ་ཁ་ཀྲ་ཕེའི་བུ་ཆུང་ཤོས་སའེ་དབྱི་ཕུ ·ཨ་ལ་པོའོ་དང་དེ་བཞིན་ཚ་བོ་གསུམ་ཉིན་དེར་བྱང་ཆིངས་ཀྱིས་ཐི་རི་ཕོ་ལིར་མཁའ་ཐོག་འཇབ་རྒོལ་བྱས་པའི་ནང་ཤི་བ་དང་མཁའ་ཐོག་འཇབ་རྒོལ་བྱེད་སྐབས་ཁ་ཀྲ་ཕེ་དང་བཟའ་ཟླ་གཉིས་པོ་ཡང་ཁང་པ་དེའི་ནང་བསྡད་ཡོད་ཀྱང་སྟབས་ལེགས་པ་ཞིག་ལ་སྐྱོན་ཆག་མ་བྱུང་བར་ཉེན་ཁ་ལས་ཐར་ལུགས་ཁྱབ་བསྒྲགས་བྱས་ཡོད།
མུའུ་ས ·དབྱི་པུ་ལ་ཤིན་གྱིས་ཁ་ཀྲ་ཕེ་སྡོད་སའི་ཐི་རི་ཕོ་ལིའི་ནུབ་ངོས་ཀྱི་ཅར་ཀུར་ཁུལ་གྱི་ཉེ་འཁོར་ཚང་མ་མི་སེར་དཀྱུས་མ་སྡོད་ཁུལ་ཡིན་པས་དམག་དོན་གྱི་སྒྲིག་ཆས་གང་ཡང་མེད་ཀྱང་ཟླ་4ཚེས་30ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པ་ཙམ་ལ་བྱང་ཆིངས་ཀྱིས་མཁའ་ཐོག་གི་འཇབ་རྒོལ་ཤུགས་ཆེན་བྱས་ཡོད། གནས་ཚུལ་ཐོན་རྗེས་ལི་པི་ཡ་ཕྱི་ཕྱོགས་གསར་འགྱུར་སྤྱི་ཁྱབ་ཧྲུའུ་ཡིས་གསར་འགོད་པ་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་པར་བསྐྱོད་པ་དང་མཁའ་ཐོག་འཇབ་རྒོལ་བྱས་ཤུལ་ལ་པར་བརྒྱབ་ཡོད། ལི་པི་ཡའི་སྤྱི་དམངས་འབོར་ཆེན་ཁྲོམ་གཞུང་དུ་བསྐྱོད་དེ་བྱང་ཆིངས་ཀྱི་མཁའ་ཐོག་འཇབ་རྒོལ་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་འབྲེལ་ཁ་ཀྲ་ཕེར་བརྩི་བཀུར་ཞུ་རྒྱུའི་སྦྱར་ཚིག་བཏོན་ལུགས་ངོ་སྤྲོད་བྱས་ཡོད།
“ཨ་རབ་པའི་དྲ་ཐོག ”ཅེས་པའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བའི་ནང་དེ་ནི་ད་བར་ཁ་ཀྲ་ཕེ་ལ་བྱང་ཆིངས་ཀྱི་མཁའ་ཐོག་འཇབ་རྒོལ་ཕོག་པའི་ནང་གི “གྱོང་གུན་ཆེ་ཤོས ”ཡིན་པའི་ངོས་འཛིན་བྱས་ཡོད་ཀྱང་ལི་པི་ཡའི་ངོ་རྒོལ་ཤོག་ཁག་གི་གསར་འགྱུར་དཔོན་རིགས་ཤིག་གིས་ཟླ་5ཚེས་1ཉིན་ཕྱི་ཕྱོགས་ལ་དེ་ནི་ཁ་ཀྲ་ཕེའི “ལྐོག་གཡོ་གཞན་ཞིག ”ཡིན་པ་དང་“ཁ་ཀྲ་ཕེས་གནས་ཚུལ་རྫུས་མ་ཁྱབ་བསྒྲགས་བྱས་ཏེ་གདུང་སེམས་མཉམ་སྐྱེ་བྱེད་མཁན་བྱུང་ན་སྙམ་པ ”ཡིན་ལུགས་དྲིལ་བསྒྲགས་བྱས་ཡོད། ལི་པི་ཡའི་ངོ་རྒོལ་ཤོག་ཁག་གིས་སྟངས་འཛིན་བྱས་པའི་པན་ཅ་ཤིས་སུ་མི་མང་པོ་ཞིག་གིས་ཁ་ཀྲ་ཕེའི་ནང་མི་འབར་གས་ནང་ཤི་བར་དགའ་སྟོན་བྱས་ཡོད།
ཨ་རབ་ཀྱི་སྨྱན་སྦྱོར་ཚན་པ་འགའ་རེས་ཁ་ཀྲ་ཕེའི་ནང་མི་འབར་གས་ནང་ཤི་བ་དེ་གནད་འགག་ཅིག་ཏུ་འགྱུར་སྲིད་པས་སླད་ཕྱིན་ལི་པི་ཡའི་དུས་བབ་དེ་བས་ཪྙོག་དྲ་ཚ་རུ་འགྲོ་སྲིད་པའི་ངོས་འཛིན་བྱས་ཡོད། གནས་ཚུལ་སྤེལ་བའི་ནང་བྱང་ཆིངས་ཀྱིས་མཁའ་ཐོག་ནས་འཇབ་རྒོལ་བྱས་པ་དང་འབྲེལ་ཁ་ཀྲ་ཕེའི་བུ་དང་ཚ་བོ་འབར་མདེལ་གྱིས་བསད་པའི་དུས་ཚོད་ཏག་ཏག་འཁེལ་མེད། གང་ལགས་ཤེ་ན། ཟླ་4ཚེས་30ཉིན་དང་མི་རིང་བའི་སྔོན་དུ་ཁ་ཀྲ་ཕེས་གཏམ་བཤད་རིང་པོ་ཞིག་བྱས་ནས་འདུམ་མཐུན་བྱ་འདོད་ཡོད་པ་དང་བྱང་ཆིངས་ཀྱིས་མཁའ་ཐོག་འཇབ་རྒོལ་བྱེད་མཚམས་བཞག་ཕྱིན་སྲིད་གཞུང་དམག་གིས་དམག་མཚམས་འཇོག་རྒྱུ་དང་འབྲེལ་བྱང་ཆིངས་དང་གྲོས་མོལ་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པས་ཡིན། བྱང་ཆིངས་དང་ངོ་རྒོལ་ཤོག་ཁག་ཚང་མས་ཁ་ཀྲ་ཕེའི་རེ་བ་དེ་ཁས་མ་བླངས་པར་བྱང་ཆིངས་ཀྱིས་ཁ་ཀྲ་ཕེའི་བུ་དང་ཚ་བོ་འབར་མདེལ་གྱིས་བསད་པ་དེ་ཁ་ཀྲ་ཕེ་ཐར་ས་མེད་པ་བཟོས་པ་སྨོས་མེད་རེད་ཅེས་བཤད་ཡོད།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མོ་སི་ཁོ་ནས་ཟླ་5ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལ་ཕུའུ་ལུའོ་ཕུས་ཟླ་4ཚེས་30ཉིན་བྱང་ཆིངས་ཀྱིས་ལི་པི་ཡར་ས་ངོས་ཀྱི་བྱ་སྤྱོད་སྤེལ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོག་མཆན་ཐོབ་དགོས་ལུགས་བཤད་ཡོད།
ལ་ཕུའུ་ལུའོ་ཕུས་མོ་སི་ཁོས་ལི་པི་ཡར་ས་ངོས་ནས་དམག་དོན་བྱ་སྤྱོད་སྤེལ་བའི་མཉམ་འབྲེལ་འཆར་གཞིར་དོ་སྣང་བྱེད་ཀྱི་ཡོད། གནས་འཕྲིན་ཐོག་ནས་བྱང་ཆིངས་དང་ཡོ་རོབ་མནའ་འབྲེལ་ཚང་མས་འཆར་གཞི་འདྲ་མཚུངས་བཟོས་པ་མངོན་འདུག ཡོ་རོབ་མནའ་འབྲེལ་གྱིས་བཟོས་པའི་འཆར་གཞི་ནི་དྲག་ཆས་སྤྲོས་པའི་མི་ཆོས་སྲུང་སྐྱོབ་ཀྱི་རོགས་སྐྱོར་ཞིག་རེད་ཅེས་བཤད།
ཁོང་གིས་སྤེལ་སྲིད་པའི་ས་ངོས་ཀྱི་དམག་དོན་བྱ་སྤྱོད་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོག་མཆན་ཐོབ་དགོས་ཀྱི་རེད། གལ་ཏེ་ཆོག་མཆན་དེ་ཐོབ་འདོད་ཡོད་མཁན་སུ་ཞིག་ཡིན་རུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་ང་ཚོས་འཆར་གཞིའི་ནང་དོན་ལ་གྲོས་བསྡུར་བྱ་རྒྱུ་དང་འབྲེལ་འགྲེལ་བཤད་གང་ལེགས་རྒྱག་རྒྱུ་ཡིན། གང་ལགས་ཤེ་ན། ང་ཚོས་ད་ལྟ་ཆོག་མཆན་མ་ཐོབ་པའི་བྱ་སྤྱོད་ཐད་དོ་སྣང་བྱེད་བཞིན་པ་དང་བསླབ་བྱ་ཡང་མང་པོ་ཡོད་པས་ཡིན་ཞེས་བཤད།
ཨུ་རུ་སུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བའི་ནང་ལི་པི་ཡར་གནམ་གྲུ་འཕུར་མི་ཆོག་པའི་ཁུལ་གཏན་ལ་ཕབ་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་3ཚེས་17ཉིན་གྲོས་འཆམ་བྱུང་བའི་གྲོས་ཆོད་དེས་ཁ་ཀྲ་ཕེ་ལ་ངོ་རྒོལ་བྱེད་པའི་དམག་དོན་བྱ་སྤྱོད་ལ་ལམ་བཤངས་པ་ཞིག་རེད་ཅེས་བཤད་ཡོད།
ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་ཚུལ་གཞན་ཞིག་སྤེལ་བར་གཞིགས་ན། དེ་གོང་ཨུ་རུ་སུའི་ཙུང་ལི་ཕུའུ་ཅིང་གིས་ལི་པི་ཡར་སྤེལ་བའི་བྱ་སྤྱོད་ཐད་བྱང་ཆིངས་ལ་མངོན་གསལ་དུ་སྐྱོན་བརྗོད་བྱས་ཡོད་ཅིང་། ཁོང་གིས་ནུབ་ཕྱོགས་མནའ་འབྲེལ་གྱིས་ལི་པི་ཡའི་འགོ་ཁྲིད་ཁ་ཀྲ་ཕེ་སྡོད་སར་འབར་མདེལ་དབྱུགས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོག་མཆན་ལས་བརྒལ་བ་རེད་ཅེས་བསྟན་ཡོད།
འདི་ནི་ཟླ་5ཚེས་1ཉིན་གྱི་ཐོ་རེངས་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལི་ནས་པར་བླངས་པའི་མཁའ་ཐོག་འཇབ་རྒོལ་ཕོག་རྗེས་ཀྱི་ལི་པི་ཡའི་འགོ་ཁྲིད་པ་ཁ་ཀྲ་ཕེའི་སྡོད་གནས་ཡིན་པ།