མི་དམངས་ཉིན་རེའི་ཚགས་པར་ཁང་ཝ་ཧྲིང་ཐོན་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། “ཝེ་ཅི་གསང་འགྲོལ ”དྲ་ཚིགས་ཐོག་ཚེས་25ཉིན་ཨ་རིའི་གསང་བ་ཆེན་པོའི་དམག་དོན་ཡིག་ཆ་800ཙམ་ཡོངས་བསྒྲགས་བྱས་ཏེ་ཁུ་པ་ཡི་ཀོན་ཐ་ན་མོའི་ཨ་དམག་གི་བཙོན་ཁང་ནང་བཙོན་དུ་བཅུག་པའི་བཙོན་པའི་ཞིབ་ཕྲའི་སྙན་ཞུའི་གསང་བ་ཕྱིར་བསྒྲགས་ཤིང་། དེའི་ནང་ཉུང་མཐར་ཡང་མི་150ནི་ཨ་ཧྥུ་ཧན་དང་ཕ་ཁི་སི་ཐན་གྱི་ཉེས་མེད་མི་སེར་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁ་ཉིས་ཨ་རི་དང་ཡོ་རོབ་ཀྱི་སྨྱན་སྦྱོར་གྱིས་ཁྲིམས་འགལ་ངང་ཐོབ་པའི་ཀོན་ཐ་ན་མོའི་བཙོན་ཁང་དང་འབྲེལ་བ་ཡོད་པའི་ཡིག་ཆ་འབོར་ཆེན་ཁྱབ་བསྒྲགས་བྱས་པར་བློ་ཕམ་ཆེན་པོ་བྱུང་ཞེས་བརྗོད་པ་རེད།
ཨ་རིའི 《ཉིའུ་གཡོད་སྐབས་བསྟུན་ཚགས་པར 》ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་ཡིག་ཆ་དེ་དག་གིས་2002ལོ་ཚུན་དུ་ཀོན་ཐ་ན་མོའི་བཙོན་ཁང་དུ་བཅུག་པའི་བཙོན་པ་800ཙམ་གྱི་ཐོབ་ཐང་གི་ཆ་འཕྲིན་ཞིབ་ཕྲ་ཡོངས་བསྒྲགས་བྱས་པ་དང་བཙོན་པ་དེ་ཚོའི་ནང་མི་220ཙམ་ནི་ཨ་རིས་ངོས་འཛིན་བྱས་པའི་ཉེན་ཁ་ཆེན་པོ་ཡོད་པའི་འཇིགས་སྐུལ་པ་ཡིན་པ་དང་། མི་380ནི་ཨ་ཧྥུ་ཧན་ནམ་ཡང་ན་ཐ་ལི་པན་གྱི་རིམ་པ་དམའ་བའི་དམག་མི་ཡིན་པ། ཉུང་མཐར་ཡང་མི་150ནི་ཨ་ཧྥུ་ཧན་དང་ཕ་ཁི་སི་ཐན་གྱི་ཉེས་མེད་མི་སེར་ཡིན་པ་དེའི་ནང་ཁ་ལོ་བ་དང་། ཞིང་པ། ཇ་མ་བཅས་ཚུད་ཡོད། ཡིག་ཆ་ཁག་གཅིག་ནང་ད་དུང་ཨ་རིའི་མཐོ་རིམ་བཀོད་འདོམས་དམག་དཔོན་གྱིས་ཁོང་ཚོ་བཙོན་དུ་བཅུག་པར “ལུགས་མཐུན་གྱི་རྒྱུ་མཚན་མེད ”ཅེས་ངོས་འཛིན་བྱེད་ཀྱི་ཡོད་པ་མངོན་ཡོད་པ་རེད།