ཤིན་ཧྭ་གསར་འགྱུར་ཁང་ཏུང་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་རི་པིན་གྱི་ཏུང་ཅིང་གློག་ཤུགས་ཀུང་སིས་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་སྒོ་རའི་ནང་འགྱེད་འཕྲོའི་རང་བཞིན་མཐོ་བའི་སྦགས་བཙོག་ས་ཚིགས་མངོན་པའི “སྦགས་བཙོག་ས་བཀྲ ”ཁྱབ་བསྒྲགས་བྱས་པ་རེད། ས་བཀྲའི་ཐོག་ནས་འཕྲུལ་ཙུའུ་དང་པོ་དང་གསུམ་པའི་མཐའ་འཁོར་ས་ཁོངས་ཀྱི་འགྱེད་འཕྲོའི་ཚད་གཞི་མཐོ་ཙམ་ཡོད་པས་འབྲེལ་ཡོད་ལས་ཀ་བྱེད་མཁན་ལ་འགོག་རྐྱེན་ཚབས་ཆེན་བཟོ་ཡི་ཡོད་པ་རེད།
ཏུང་ཅིང་གློག་ཤུགས་ཀུང་སིས་ཟླ་3པའི་ཟླ་སྨད་ནས་བཟུང “སྦགས་བཙོག་ས་བཀྲ ”འབྲི་འགོ་བཙུགས་ཏེ་ཁྱོན་ཉིང་རྡུལ་གློག་ཁང་སྒོ་རའི་ནང་གི་ས་ཚིགས་230ཡི་འགྱེད་འཕྲོ་ཕོག་ཚད་ཐོ་འགོད་བྱས་པ་དང་ལས་དོན་པ་ཚང་མས་དེའི་ཁྲོད་ཀྱི་ནང་དོན་ཤེས་རྟོགས་བྱེད་དགོས་ཞེས་བཤད་པ་རེད།
ས་བཀྲ་གསར་ཤོས་ལ་བལྟས་ན་འདི་ཟླའི་ཚེས་23ཉིན་བར་ཉིང་རྡུལ་གློག་ཁང་སྒོ་རའི་ནང་གི་ས་ཚིགས་ཚང་མའི་འགྱེད་འཕྲོའི་ཚད་གཞི་ཚང་མ་ཆུ་ཚོད་རེར་ཧའོ་ཤིས་ལྦོ་ཐེ་100མན་ཡིན་མོད། འོན་ཀྱང་རླུང་ཁམས་ཆེན་པོའི་ཁྲོད་ཆུ་ཚོད་རེར་ཧའོ་ཤིས་ལྦོ་ཐེ་10ལས་བརྒལ་བའི་འགྱེད་འཕྲོའི་ས་ཆ་དེ་འཕྲུལ་ཙུའུ་ཨང་དང་པོ་ནས་ཨང་བཞི་པའི་མཐའ་འཁོར་དུ་སྔར་བཞིན་ཁག་30ཡན་ཡོད་ཅིང་། གཞན་ཡང་འཕྲུལ་ཙུའུ་གསུམ་པ་དང་དང་པོ་ཡི་མཐའ་འཁོར་དུ་ད་དུང་འགྱེད་འཕྲོའི་ཚད་གཞི་མཐོ་ཙམ་གྱི་གསེག་མ་མང་པོ་ཡོད་པས་ལས་དོན་པ་ཐག་ཉེ་སར་བཅར་ནས་ལས་ཀ་བྱ་རྒྱུར་འགོག་རྐྱེན་བཟོ་གི་ཡོད་པ་རེད།