མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་ཁོག་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་25ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་དུ་ཐེ་ལན་དང་ཁམ་ཕུ་ཁྲེའི་དམག་དཔུང་དབར་མཐའ་མཚམས་ཀྱི་རྩོད་གཞི་ཡོད་པའི་ས་ཁུལ་དུ་སླར་ཡང་དྲག་པོའི་གདོང་ཐུག་བྱུང་ཤིང་། དེ་ནི་ཚེས་22ཉིན་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་དབར་དྲག་པོའི་གདོང་ཐུག་བྱུང་རྗེས་བསྟུད་མར་མེ་མདའ་རྒྱག་རེས་བྱས་པའི་ཉིན་བཞི་པ་རེད།
ཚེས་25ཉིན་ཐེ་ལན་བྱང་ཤར་རྒྱུད་ཀྱི་དོགས་ཟོན་ལས་དོན་གྱི་འགན་ཁུར་མཁན་དམག་ཁུལ་གཉིས་པའི་སི་ལིང་པུའུ་ཡིས་ཚེས་22ཉིན་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་དབར་གདོང་ཐུག་བྱུང་ཚུན་ཐེ་ལན་གྱི་དམག་མི་5རྐྱེན་ལམ་དུ་ཤོར་བ་དང་མི་35ལ་རྨས་སྐྱོན་ཕོག་ཡོད། དམངས་ཚོགས་ཁྲི་3ཙམ་གནས་སྐབས་ཀྱི་ཉེན་གཡོལ་ཁུལ་དུ་མ་སྐྱོད་ཀ་མེད་བྱུང་ཡོད་ཅེས་བརྗོད།
ཁམ་ཕུ་ཁྲེས 《སྐར་ཀྲོའུ་ཉིན་རེའི་ཚགས་པར 》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་24ཉིན་བར་ཁམ་ཕུ་ཁྲེའི་དམག་མི་6རྐྱེན་ལམ་དུ་ཤོར་བ་དང་མི་16ལ་རྨས་སྐྱོན་ཕོག་ཡོད། ཁམ་ཕུ་ཁྲེ་རྒྱལ་ཁབ་གེགས་སྐྱོབ་ཨུ་ལྷན་གྱིས་ཚེས་24ཉིན་བར་ཁམ་ཕུ་ཁྲེས་ཁྱིམ་ཚང་2560ཁ་འགྲེམས་བྱས་པ་དང་གྲོང་མི་9800ཙམ་གནས་སྐབས་ཀྱི་ཉེན་གསོལ་ཁུལ་དུ་ཕྱིར་འཐེན་བྱས་ཡོད་ཅེས་བརྗོད་པ་རེད།