དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡའི་གཞུང་ཕྱོགས་གསར་འགྱུར་ཁང་གིས་ཨུ་རུ་སུ་ཕྱོགས་ནས་ལི་པི་ཡར་ལྟ་ཞིབ་པ་མངགས་གཏོང་བྱས་ནས་དམག་མཚམས་འཇོག་རྒྱུར་ལྟ་སྐུལ་བྱེད་རྩིས་ཡོད་ཅེས་བརྗོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ལི་པི་ཡའི་གཞུང་ཕྱོགས་གསར་འགྱུར་ཁང་གིས་ཚེས་24ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལ་ཕུའུ་ལུའོ་ཕུའུ་ཡིས་ཨུ་རུ་སུས་ལི་པི་ཡར་ལྟ་ཞིབ་པ་གཉིས་མངགས་གཏོང་བྱས་ནས་དམག་མཚམས་འཇོག་རྒྱུར་ལྟ་སྐུལ་བྱེད་པ་དང་འབྲེལ་ཞི་བའི་སྒོ་ནས་ཉམས་ཉེན་ཐག་གཅོད་བྱེད་པར་རྨང་གཞི་འདིང་འདོད་ཡོད་ཅེས་གསུངས་པ་རེད།

        གནས་ཚུལ་སྤེལ་བའི་ནང་ལ་ཕུའུ་ལུའོ་ཕུའུ་ཡིས་ཚེས་23ཉིན་ལི་པི་ཡའི་སྤྱི་ཁྱབ་མི་དམངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག (ཙུང་ལི )མ་ཧ་མུའུ་ཏི་ལ་ཞལ་པར་བརྒྱབ་ནས་གོང་གསལ་གྱི་སྐད་ཆ་དེ་བཤད་པ་དང་། ལ་ཕུའུ་ལུའོ་ཕུའུ་ཡིས་ད་དུང་ཨུ་རུ་སུའི་ལངས་ཕྱོགས་ནི་ལི་པི་ཡའི་ཉམས་ཉེན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པའི་འཆར་གཞི་འཚོལ་བ་དང་འབྲེལ་ལྟ་ཞིབ་པ་མངགས་གཏོང་བྱ་རྒྱུའི་འདོད་ཚུལ་དེ་མཉམ་འབྲེལ་རྒྱལ་ཚོགས་ལ་བརྡ་ཁྱབ་བཏང་ཡོད་ཅེས་གསུངས་པའི་སྐོར་བཀོད་ཡོད་པ་དང་། གནས་ཚུལ་སྤེལ་བའི་ནང་མ་ཧ་མུའུ་ཏིས་ད་དུང་ཀེ་རི་སེའི་ཙུང་ལི་ཕ་ཕན་ཏེ་ལི་ཨོའུ་ལ་ཞལ་པར་བསྐྱོན་ནས་ལི་པི་ཡ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་རྦད་དེ་ལག་བསྟར་བྱེད་རྩིས་ཡོད་པའི་སྐོར་བསྐྱར་བཤད་གནང་ཡོད་ཅེས་བཀོད་ཡོད་པ་རེད།

        ཨུ་རུ་སུའི་ཕྱི་འབྲེལ་པུས་ཚེས་24ཉིན་གསལ་བསྒྲགས་སྤེལ་ནས་ལ་ཕུའུ་ལུའོ་ཕུའུ་ཡིས་ཞལ་པར་བསྐྱོན་སྐབས་མིག་སྔའི་ལས་འགན་ཨང་དང་པོ་ནི་ཁྲག་དོན་དང་མི་སེར་ཤི་རྨས་ཀྱི་དོན་རྐྱེན་ཐོན་རྒྱུ་བཀག་འགོག་བྱེད་དགོས་པ་དེ་ཡིན་པ་དང་། དེའི་ཐད་ཆ་རྐྱེན་མེད་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱས་ཏེ་འཕྲལ་དུ་དམག་མཚམས་འཇོག་རྒྱུའི་འགན་ལེན་བྱེད་དགོས་པ་སྟེ། དང་ཐོག་སྨི་སུ་ལ་ཐེ་དང་དེ་བཞིན་ཡུལ་མི་སྡོད་ཁུལ་གཞན་དག་ལ་རྡུང་རྡེག་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་གསུངས་ཡོད་པ་དང་། ལ་ཕུའུ་ལུའོ་ཕུའུ་ཡིས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ལི་པི་ཡའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་དགོས་པ་ཡོད་པར་བརྟེན་ཨུ་རུ་སུས་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆབ་སྲིད་ཀྱི་ཕྱི་འབྲེལ་ཐབས་ལམ་བརྒྱུད་ཉམས་ཉེན་ཐག་གཅོད་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་དང་། གཞན་ཡང་ཨུ་རུ་སུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ཕན་ཏེ་ལི་ཨོའུ་ཡིས་ད་དུང་ཚེས་22ཉིན་ཨུ་རུ་སུའི་ཙུང་ཐུང་མེ་ཏེ་ཝུའེ་ཅེ་ཕུའུ་ལ་ཞལ་པར་བསྐྱོན་པ་དང་ཕྱོགས་གཉིས་པོས་ལི་པི་ཡའི་རྒྱལ་ནང་གི་གནད་དོན་ནི་ཞི་བའི་བྱེད་ཐབས་ཁོ་ནར་བརྟེན་ནས་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་གནང་བ་དང་འབྲེལ་དགོས་ངེས་ཀྱི་ཆ་རྐྱེན་འོག་ལི་པི་ཡའི་དུས་བབ་བར་འདུམ་བྱ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

        ཟླ་4ཚེས་24ཉིན་ལི་པི་ཡ་སྲིད་གཞུང་དམག་གིས་དེ་གར “དམག་མཚམས་བཞག་པ ”ལས་སྨི་སུ་ལ་ཐེ་ནས་ཕྱིར་འཐེན་བྱས་མེད་པའི་ཁྱབ་བསྒྲགས་བྱས་པ་དང་། ཚེས་23ཉིན་ལི་པི་ཡའི་གཞུང་ཕྱོགས་ཀྱིས་གནས་ཚུལ་སྤེལ་བའི་ནང་ལི་པི་ཡའི་དམག་དཔུང་གིས་སྨི་སུ་ལ་ཐེ་ནས་སྤྱི་ལེ་40ཕྱིར་འཐེན་བྱས་ཡོད་ཅེས་བརྗོད་ཡོད་རུང་ལི་པི་ཡའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཤུགས་ཀྱིས་སྲིད་གཞུང་དམག་ཕྱིར་འཐེན་བྱས་མེད་ཅེས་སྐྱོན་འཛུགས་བྱས་ཤིང་། སྨི་སུ་ལ་ཐེ་སྨན་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན་ཚེས་23ཉིན་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཤུགས་མི་སྣ་28བསད་པ་དང་མི་100ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། དམག་འཐབ་དེ་གཙོ་བོ་སྨི་སུ་ལ་ཐེ་གྲོང་ཁྱེར་སྨན་ཁང་གི་ཉེ་འགྲམ་ལ་དམིགས་ནས་བརྒྱབ་པ་དང་། འོན་ཀྱང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཤུགས་ཀྱིས་ཁོང་ཚོས་སྔར་བཞིན་གྲོང་ཁྱེར་དེ་ཚོད་འཛིན་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།