མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་ཁོག་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་སྔ་དྲོ་ཐེ་ལན་དང་ཁམ་ཕུ་ཁྲེ་གཉིས་པོའི་དམག་དཔུང་དབར་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ས་ཁུལ་ཏེ་ཨའོ་ཏུའོ་མན་ཅི་ས་ཁུལ་དུ་སླར་ཡང་མེ་མདའ་རྒྱག་རེས་ཐུག་པ་དེ་ནི་ཚེས་22ཉིན་རྒྱལ་ཁབ་གཉིས་པོའི་དམག་དཔུང་དབར་དྲག་པོའི་གདོང་གཏུག་བྱུང་ཚུན་ཉིན་གསུམ་བསྟུད་མར་ས་ཁུལ་དེ་ག་རང་དུ་མེ་མདའ་རྒྱག་རེས་ཐུག་པའི་དོན་རྐྱེན་ཞིག་ཡིན་ཞིང་། མིག་སྔར་ཕྱོགས་གཉིས་པོར་ཤི་རྨས་བྱུང་ཚུལ་གསལ་པོ་མེད་པ་རེད།
ཚེས་24ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ཁམ་ཕུ་ཁྲེ་དང་ཐེ་ལན་རྒྱལ་ཁབ་གཉིས་པོར་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ཡི་གེ་འཇོག་རྒྱུའི་ལྕག་སྐུལ་གནང་བ་རེད། ཁམ་ཕུ་ཁྲེ་ཡི 《ཤིང་ཀྲོའུ་ཉིན་རེའི་ཚགས་པར 》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སྟེ་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའི་པུའུ་ཀྲང་མ་ཏིས་ཀྱང་ཚེས་23ཉིན་ཁམ་ཕུ་ཁྲེ་ལ་དགྲ་འཛིན་བྱ་སྤྱོད་འཕྲལ་མར་སྤེལ་མཚམས་འཇོག་རྒྱུའི་འབོད་སྐུལ་ཤུགས་ཆེན་གནང་བ་རེད། ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཧིན་རྡུ་ཉི་ཞི་ཡས་ཕྱོགས་གཉིས་པོས་ཞི་བའི་ཐབས་ལ་བརྟེན་ནས་འགལ་ཟླ་སེལ་རྒྱུའི་འབོད་སྐུལ་བྱས་ཡོད་ཅེས་གསུངས་པ་རེད།
ཉིན་དེར་ཁམ་ཕུ་ཁྲེ་ཡི་ཙུང་ལི་ཧུང་སིན་གྱིས་མཚམས་འདྲིར་ཕེབས་པའི་ཝེ་ཐེ་ནམ་གྱི་ཙུང་ལི་ཡོན་ཅི་ཡུང་ལ་ཁམ་ཕུ་ཁྲེ་ཡི་མཐའ་མཚམས་སུ་གདོང་གཏུག་བྱུང་ཚུལ་ཞུས་ཤིང་། ཡོན་ཅི་ཡུང་གིས་ཝེ་ཐེ་ནམ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ཐེ་ལན་ཕྱོགས་ལ་ཁམ་ཕུ་ཁྲེ་ཡི་གནས་བབ་ལ་ཝེ་ཐེ་ནམ་གྱིས་སེམས་ཁྲལ་བྱ་ལུགས་བརྗོད་ཡོད་ཅེས་བསྟན་གནང་བ་རེད།
ཉིན་ཤས་བསྟུད་མར་ཐེ་ལན་གྱིས་གྲོང་གསེབ་ཀྱི་གྲོང་མི་ཁྲི་2.5ཙམ་སྐབས་འཕྲལ་གྱི་ཉེན་གཡོལ་ཁུལ་6ཏུ་ཕྱིར་འཐེན་བྱས་ཡོད་པ་རེད། ཁམ་ཕུ་ཁྲེ་རྒྱལ་སྲུང་པུའི་མགྲིན་ཚབ་པས་ཐེ་ལན་གྱི་སྒྱོགས་མདེལ་མཐའ་མཚམས་ནས་སྤྱི་ལེ་21སར་ཡོད་པའི་ཁམ་ཕུ་ཁྲེ་གྲོང་ཚོར་འཕངས་སྟབས་ས་གནས་དེ་གའི་ཁྱིམ་ཚང་སྟོང་ཕྲག་འགའ་ཞིག་འུ་ཐུག་ཐབས་ཟད་ངང་ཁ་འགྲེམ་དགོས་བྱུང་ཡོད་ཅེས་གསུངས་པ་རེད། ཐེ་ལན་གྱི་ཡུལ་སྐོར་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། ཉེ་ཆར་མེ་མདའ་རྒྱག་རེས་ཐུག་པ་དེ་ལས་མཐའ་མཚམས་ཚོང་དོན་ཐད་ཐེ་ཀྲུའུ་ཁྲི་1000(ཨ་སྒོར་གཅིག་ལ་ཐེ་ཀྲུའུ་30ཡིན་པ )གྱོང་གུན་ཕོག་རྒྱུ་ཡིན་པ་རེད།