དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྒྱལ་སྤྱིའི་གསེར་གྱི་རིན་གོང་ཨང་སི་རེར་ཨ་སྒོར་1500ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མན་ཀུའུ་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཨེ་ཤེ་ཡའི་ཁྲོམ་རའི་ཐོག་ཚེས་20ཉིན་གྱི་ཉིན་དགུང་གསེར་གྱི་རིན་གོང་ཨང་སི་རེར་ཨ་སྒོར་1500.3ཟིན་ཡོད་པ་དེ་ཚེས་19ཉིན་ཉིའུ་གཡོད་ཁྲོམ་རའི་ཐོག་གི་མཐའ་མའི་གོང་ཐང་ཁྱབ་བསྒྲགས་ཀྱི་རིན་གོང་ལས་ཨ་སྒོར་5.6མཐོ་བ་ཡོད་པ་རེད། དངུལ་གྱི་རིན་གོང་འཕར་ཤུགས་དེ་བས་ཆེ་བ་ཡོད་པ་སྟེ་ཨང་སི་རེར་ཨ་སྐར་35འཕར་ཡོད་པ་དང་ཨ་སྒོར་44.31ཟིན་ནས་བསྟུད་མར་ཉོ་ཚོང་ཉིན་མོ་ཐེངས་ལྔ་པར་ལོ་31རིང་གི་རིན་གོང་མཐོ་ཤོས་ཟིན་ཡོད་པ་རེད།

        ཚེས་20ཉིན་གྱི་ཞོགས་པ་སྔ་པོ་ནས་ཉིའུ་གཡོད་ཉོ་ཚོང་ཚོང་རའི་ཚོང་འགོ་ཚུགས་རྗེས་ཟླ་6པའི་ནང་རྩིས་སྤྲོད་རྩིས་ལེན་བྱས་པའི་གསེར་གྱི་དུས་བཅད་ཚོང་ཟོག་གི་གློག་རྡུལ་འོད་སྡེར་ཐོག་འཁོད་པའི་རིན་གོང་ནི་ཨང་སི་རེར་ཨ་སྒོར་1501.9ཟིན་ནས་ཨ་སྒོར་6.8འཕར་ཡོད་པ་དང་འཕར་ཚད་0.45%ཟིན་གྱི་ཡོད། ཚེས་20ཉིན་རྒྱལ་སྤྱིའི་ཁྲོམ་རའི་ཐོག་གི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཡང་འཕར་ཡོད་པ་རེད།

        གླིང་ཆེན་ཨ་མེ་རི་ཁ་དང་ཡོ་རོབ་ཀྱི་མ་འཇོག་བྱེད་མཁན་ཚོས་རྟག་ཏུ་གསེར་དངུལ་དེ་ཉེན་གཡོལ་གྱི་ལག་ཆ་ཞིག་ཏུ་བརྩི་བ་དང་ཨེ་ཤེ་ཡ་རྒྱལ་ཁབ་ཀྱི་མང་ཚོགས་ཚོས་དངུལ་ལོར་འགྲེམས་ཐལ་ཤོར་ཆེ་བ་དང་ཡོང་འབབ་མཐོ་རུ་སོང་བའི་དབང་གིས་གསེར་དངུལ་གྱི་དགོས་མཁོ་ཡང་ཆེ་རུ་ཕྱིན་ཡོད་ཅིང་། མན་ཀུའི་གསེར་ཚོང་ཁང་ཞིག་གི་སྦྱིན་བདག་ཧོང་ལགས་ཀྱིས་ཉེ་དུས་གསེར་གྱི་རྒྱན་ཆ་དང་གསེར་ལེབ་ལྕུག་ཉོ་མཁན་རྒྱུན་མཐུད་ངང་མང་དུ་སོང་བའི་ནང་ཁག་གཅིག་ནི་ཀྲུང་གོ་ནས་ཡོང་བའི་ཡུལ་སྐོར་བ་རེད་ཅེས་གསར་འགོད་པར་བརྗོད་པ་རེད།

        “གསེར་གྱི་རིན་གོང་དྲ་བའི ”ཐོག་ནས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། ལོ་བཅུའི་གོང་གི་དུས་ཚོད་གཅིག་པའི་ནང་རྒྱལ་སྤྱིའི་ཁྲོམ་རའི་གསེར་གྱི་རིན་གོང་ཨང་སི་རེར་ད་དུང་ཨ་སྒོར་300ཡང་མི་ཟིན་པ་དང་ལོ་5ཡི་གོང་དུ་ཨ་སྒོར་600ཙམ་བྱེད་ཀྱི་ཡོད་པ་རེད།

        སིང་ཀ་ཕོའི་ཏ་ཧྭ་དངུལ་ཁང་གི་སྤྱི་འདོམས་པ་གཞོན་པ་ཨང་དང་པོ་དང་དཔལ་འབྱོར་དབྱེ་ཞིབ་དགེ་རྒན་ཆེ་མོ་ཞུས་ཀྲོའུ་ཏེས་གསེར་གྱི་རིན་གོང་མཐོ་རུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཨ་རིས་རིང་མིན་གོང་སྔ་བར་ཕྱི་གསུམ་དུ་སྤེལ་བའི “གྲངས་བཅད་རྣམ་པའི་ལྷུག་གཏོང་སྲིད་ཇུས ”ལས་བྱུང་བ་ཞིག་ཡིན་ཞིང་། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་ཨ་སྒོར་འབོར་ཆེན་བཀྲམས་པ་དེས་ཁྲོམ་རའི་ཐོག་འཁོར་རྒྱུག་མ་དངུལ་མང་དྲགས་པའི་སྣང་ཚུལ་ཐོན་ཡོད། ཨ་སྒོར་རྒྱུན་མཐུད་ངང་འཛའ་ཆག་པའི་དབང་གིས་མི་རྣམས་ཀྱིས་རིན་ཐང་བརྟན་སྲུང་གི་ནུས་པ་ལྡན་པའི་རྒྱུ་ནོར་འཚོལ་རྒྱུར་ཕྱོགས་ཡོད་པ་སྟེ་དཔེར་ན་གསེར་ཉོ་རྒྱུ་དེ་ཡིན་པ་རེད། ལུའུ་ཐུའུ་གསར་འགྱུར་ཁང་གིས་དབྱེ་ཞིབ་བྱས་ནས་ཨ་སྒོར་འཛའ་ཆག་པའི་དབང་གིས་མ་འཇོག་བྱེད་མཁན་གྱིས་ཚོང་ཟོག་ཆེ་གྲས་ཉོ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཉེ་དུས་སྣུམ་གྱི་རིན་གོང་འཕར་ཤུགས་ཆེ་རུ་སོང་བ་དང་མི་རྣམས་ཀྱིས་ཡོ་རོབ་ཀྱི་བདག་དབང་དང་འབྲེལ་བ་ཡོད་པའི་དངུལ་བུན་ཉམས་ཉེན་གྱི་སེམས་ཁྲལ་བྱེད་ཤུགས་ཆེ་རུ་སོང་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་རྐྱེན་པས་གསེར་གྱི་ཉེན་གཡོལ་ནུས་པ་ཆེ་རུ་སོང་ཡོད་ཅེས་བརྗོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།