ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས་14ཉིན་སན་ཡ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐོག 《འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པ་དང་དར་རྒྱས་ཐུན་མོང་ཐོག་ལོངས་སྤྱོད་བྱེད་པ 》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་དང་ཚེས་15ཉིན་པུའོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག 《ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་མཐུན་སྦྱོར་གྱི་ཨེ་ཤེ་ཡ་བསྐྲུན་དགོས 》ཞེས་པའི་གཏམ་བཤད་གལ་ཆེན་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ཏུ་དོ་ཁུར་བྱེད་པ་དང་གདེང་འཇོག་ཆེན་པོ་བྱས་ཡོད་པ་རེད།
“འབོ་གསེར་རྒྱལ་ཁབ ”ཅེས་པའི་ཐ་སྙད་ཐོག་མར་འདོན་མཁན་ཀའོ་ཧྲེང་དཔལ་འབྱོར་རིག་པ་མཁས་ཅན་ཅི་མུའུ ·ཨའོ་ཉིའར་གྱིས “ཀྲུང་གོས་དཔལ་འབྱོར་འཕར་བའི་མྱུར་ཚད་ལ་ཚོད་འཛིན་བྱས་རུང་སྔར་བཞིན་དཔལ་འབྱོར་ཅུང་མྱུར་བའི་སྒོ་ནས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་ཡོད། དཔལ་འབྱོར་གཞི་ཁྱོན་ཇི་ཙམ་ཆེ་ན་འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་ལ་ཤུགས་རྐྱེན་ཐེབས་ཚད་དེ་ཙམ་གྱིས་ཆེ་བ་ཡོད་པ་དང་ཀྲུང་གོ་འདི་ཉིད་བརྒྱུད་རིམ་དེ་འདྲ་ཞིག་ལ་གནས་ཡོད ”ཅེས་གསུངས་པ་རེད།
མོ་ཞི་ཁོའི་དཔལ་འབྱོར་དབྱེ་ཞིབ་མཁས་ཅན་ཁ་ལུའོ་སི ·མོ་ཐ་ཡིས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་ནི “སྤྲོ་སྣང་དང་ཡིད་ཆེས་ཀྱིས་ཁེངས་པ ”ཞིག་ཡོད་པ་སྤྱི་དང་ལྷག་པར་དུ་ཁོང་གིས་ཕྱོགས་མང་གི་ཚོང་དོན་སྒྲིག་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་ཏུའོ་ཧའི་རེས་སྐོར་གྲོས་མོལ་ཐོག་འཕེལ་རྒྱས་ཀྱི་རེས་སྐོར་དམིགས་ཚད་སྔ་ཙམ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་དེ་ཐོག་ནས་འཛམ་གླིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཀྲུང་གོས་མིག་དཔེ་བསྟན་ཡོད་པ་མངོན་གྱི་ཡོད་ཅེས་གསུངས་པ་རེད།
《དེང་གི་རྒྱ་གར 》ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་རྒན་གྲས་ལུའོ་དབྱི་ཡིས་ཀྲུང་གོའི་འགོ་ཁྲིད་པས་འབོ་གསེར་རྒྱལ་ཁབ་ཀྱི་དབུ་ཚོགས་ཐོག་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས་བཅས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད་བྱས་ཡོད་པ་དང་། དེང་གི་འཛམ་གླིང་ལ་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་པོ་འཕྲད་ཡོད་པར་བརྟེན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གིས་འགྲན་སློང་ལ་ཇི་ལྟར་བྱས་ནས་ཁ་གཏད་གཅོག་རྒྱུའི་ཐད་བསམ་གཞིག་བྱེད་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེན་པོ་ཨང་གཉིས་པ་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་དེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་བློ་སྒོ་འབྱེད་པ་དང་ལྕག་སྐུལ་གྱི་ནུས་པ་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
ཐན་ཙན་ནི་ཡའི་ཚད་ལྡན་ཚགས་པར་ལས་རིགས་ཚོགས་པའི་སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་ཚབ་ཁུའུ་མུའུ་པ་ཝ ·ཨ་ལི་ཡིས་ཧུའུ་ཅིན་ཐའོ་ཡི་གསུང་བཤད་ནི “དགེ་མཚན་ལྡན་པའི་གསུང་བཤད་གལ་ཆེན ”ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་ནང་ཀྲུང་གོས་རང་ཉིད་འཕེལ་རྒྱས་གཏོང་བ་ཙམ་མ་ཟད། ད་དུང་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་དག་དང་དེ་བཞིན་གླིང་ཆེན་ཨ་ཧྥེ་རི་ཁ་དང་། གླིང་ཆེན་ཡོ་རོབ། གླིང་ཆེན་ཨ་མེ་རི་ཁ་སོགས་ས་ཁུལ་གཞན་དག་གི་རྒྱལ་ཁབ་དང་མཉམ་ལས་བྱས་ཏེ་དར་རྒྱས་དང་འཕེལ་རྒྱས་མཉམ་སྤྱོད་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་ཅེས་གསུངས་པ་རེད།
རི་པིན་གྱི 《ཏུའུ་མའེ་གསར་འགྱུར 》ཞེས་པའི་ཐོག་བཀོད་པའི་རྩོམ་ཡིག་ཅིག་ནང་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་ཐོག་ནས་འཛམ་གླིང་གི་འཕེལ་རྒྱས་དང་མཉམ་ལས་ཁྲོད་ཀྲུང་གོས་འགན་འཁུར་བའི་དགེ་མཚན་ལྡན་པའི་རྣམ་འགྱུར་མངོན་ཡོད་ཅེས་བརྗོད་ཡོད་པ་དང་། ཨ་རིའི 《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར 》ཐོག་ལའང་རྩོམ་ཡིག་སྤེལ་ནས་ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གནང་སྐབས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་། ལེགས་སྒྲིག ནུས་པ་བཅས་ཀྱི་ཐད་ཞིབ་གླེང་མང་པོ་གནང་ཡོད་པ་དེ་ཐོག་ནས་ཀྲུང་གོས་འཛམ་གླིང་དཔལ་འབྱོར་སླར་གསོ་དང་དོ་སྙོམས་ཡོང་བ་བྱེད་པ་དང་འཛམ་གླིང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་བསམ་པ་དང་འབད་བརྩོན་དངོས་མངོན་ཡོད། ཀྲུང་གོས་ཕྱིར་གཏོང་གི་དཔལ་འབྱོར་ལ་བརྟེན་པའི་རྣམ་པ་ལས་ཐར་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པ་དང་སྦྲགས་ཧུའུ་ཅིན་ཐའོ་ཡིས་ཀྱང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱེད་དགོས་པའི་རེ་འབོད་གནང་ཡོད་ཅེས་བསྟན་ཡོད་པ་རེད།
པུའོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་འཛུགས་རྒྱུའི་གྲོས་འགོ་འདོན་མཁན་གྱི་གྲས་ཤིག་ཡིན་པའི་ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ལ་མོ་སིས་གླེང་སྟེགས་དེ་ནི་ཨེ་ཤེ་ཡས་རྟེན་གཞིར་བྱས་ཏེ་དཔལ་འབྱོར་གཞི་གཅིག་ཅན་དང་། ས་ཁུལ་ལས་སྒྲོལ་བའི་མཉམ་ལས། རིག་གནས་སྣ་ཚོགས་སྤེལ་རེས་བཅས་ལ་བརྟེན་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྐུལ་འདེད་གཏོང་བའི་རྒྱལ་སྤྱིའི་གླེང་སྟེགས་དང་པོ་དེ་ཡིན། པུའོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བཙུགས་པ་ནས་བཟུང “ཁེ་ཕན་མཉམ་སྤྱོད་དང་། སྤེལ་རེས་ཧུར་ཐག ལྷད་མེད་མཛའ་བརྩེ ”བཅས་ཀྱི་སྙིང་སྟོབས་ཀྱིས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གོང་བུ་གཅིག་ཏུ་བསྒྲིལ་ཡོད་ཅེས་གསུངས་པ་རེད།
སིང་ཀ་ཕོའི 《མཉམ་འབྲེལ་ཞོགས་པའི་ཚགས་པར 》ཐོག་ཚེས་18ཉིན་ཆེད་བརྗོད་སྤེལ་ནས་ཧུའུ་ཅིན་ཐའོ་ཡིས་པུའོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཐོག་གཏམ་བཤད་གནང་བ་དེ་ལས་ཀྲུང་གོས་ས་ཁུལ་དེར་དེ་བས་དགེ་མཚན་ལྡན་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་མོས་པ་ཡོད་པ་མངོན་ཡོད་པ་སྟེ། ཕྱོགས་གཅིག་ནས་ཀྲུང་གོས་ཨེ་ཤེ་ཡའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་ཞུགས་ཚད་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཞན་དང་མཉམ་དུ་ཀྲུང་གོའི་དཔལ་འབྱོར་འཕར་བའི་གོ་སྐབས་ལོངས་སུ་སྤྱོད་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ཞི་བདེའི་རྣམ་པ་མངོན་པ་བྱས་ནས་ཀྲུང་གོའི་ཕྱོགས་བསྡུས་རྒྱལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་འཛིན་པའི་ས་ཁོངས་ཀྱི་དོགས་གཞི་བསལ་ཏེ་ཀྲུང་གོས་ཨེ་ཤེ་ཡར་བཟུང་བའི་གནས་བབ་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་པའི་ངོས་འཛིན་བྱས་པ་རེད།
ཐེ་ལན་གྱི་དབྱིན་ཡིག་ཚགས་པར་གཙོ་བོ 《མན་ཀུའུ་སྦྲག་སྲིད་ཚགས་པར 》ཐོག་དཔྱད་གཏམ་སྤེལ་ནས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཨེ་ཤེ་ཡའི་པུའོ་ཨའོ་གླེང་སྟེགས་ཐོག་གསུང་བཤད་གནང་ནས་ཨེ་ཤེ་ཡའི་བདེ་འཇགས་ཀྱི་དཔེ་དབྱིབས་གསར་པ་ཞིག་བཏོད་ནས་རྒྱལ་ཁབ་ཁག་གི་མངའ་ཁོངས་བདག་དབང་ཐད་ཀྱི་རྩོད་གླེང་ཇེ་ཆེར་འགྲོ་བའི་ས་ཁུལ་དེའི་རྩོད་གཞི་ཞི་ལྷོད་དུ་གཏོང་དགོས་པའི་རེ་འབོད་གནང་ཡོད་ཅེས་བཀོད་ཡོད་པ་དང་། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས “བདེ་འཇགས་ཀྱི་ལྟ་བ་གསར་པ ”དེས་ཀྲུང་གོས་སླད་ཕྱིན་ལོ་5ཡི་ནང་དེ་བས་དགེ་མཚན་ལྡན་ལ་རང་འགུལ་གྱི་སྒོ་དབྱེའི་འཐབ་ཇུས་སྤྱད་ནས་ཨེ་ཤེ་ཡའི་ས་ཁུལ་ལ་ཁེ་ཕན་གཏོད་རྒྱུ་དང་དེ་རྒྱ་ཆེར་བཏང་བའི་ཁར་ཞི་བའི་ཐབས་ལམ་བརྒྱུད་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རྩོད་གཞི་ཐག་གཅོད་བྱ་རྒྱུར་གཞོལ་ཏེ་ཀྲུང་གོ་སྟོབས་ཆེར་འགྲོ་བའི་དྲང་ཕྱོགས་ཀྱི་དོན་སྙིང་ཐད་འགན་ལེན་གནང་བ་མངོན་ཡོད་ཅེས་འཁོད་ཡོད་པ་དང་། གནས་ཚུལ་སྤེལ་བའི་ནང་ད་དུང་ཧུའུ་ཅིན་ཐའོ་ཡི་གསུང་བཤད་ནང་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱིས་རོགས་རེས་དང་མཛའ་བརྩེའི་འབྲེལ་བ་གཏོད་རྒྱུའི་རེ་འབོད་གནང་བར་དོ་སྣང་བྱུང་ཡོད་པ་རེད།
ལྷོ་ཨ་ཧྥེ་རི་ཁའི་མདུན་ཕྱོགས་བློ་འདྲི་ཀུང་སིའི་ཞིབ་འཇུག་པུའི་ཀྲུའུ་རེན་ཨའེ་ན་ཡིས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་ནང་གསར་དར་དཔལ་འབྱོར་དངོས་ཚན་གྱི་རྒྱལ་སྤྱིའི་དཔལ་འབྱོར་དང་ཆབ་སྲིད་སྒྲིག་ལམ་ལ་སྒྱུར་བཅོས་བྱེད་པའི་འབོད་སྒྲ་གཅིག་སྡུད་ངང་བརྒྱུད་བསྒྲགས་གནང་ཡོད་ཅེས་གསུངས་པ་དང་། ལྷོ་ཨ་ཧྥེ་རི་ཁའི་ཕའེ་ལ་མོང་ཚོགས་པའི་ཀྲུའུ་ཞི་ཨའེ་ཧྥུའུ ·ཨའེ་ཆི་ཁེ་ཝུའེ་ཆིས་གསུང་བཤད་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་རྟགས་གསལ་པོ་ཞིག་བཏང་ཡོད་པ་སྟེ། འབོ་གསེར་རྒྱལ་ཁབ་ཚོགས་པས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་དམ་པ་དོན་གཉེར་གྱི་མཉམ་ལས་བྱས་ནས་འཛམ་གླིང་གིས་དར་རྒྱས་ཐུན་མོང་ཐོག་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པའི་ངོས་འཛིན་གནང་བ་རེད།
ཨུ་རུ་སུའི་ཆབ་སྲིད་མཁས་དབང་དབུ་ལུའོ་ཅིན་གྱིས་གསར་དར་དཔལ་འབྱོར་དངོས་ཚན་གྱི་དགེ་མཚན་དང་ནུས་པ་ལྡན་པའི་མཉམ་ལས་ཀྱིས་འཛམ་གླིང་དཔལ་འབྱོར་སླར་གསོ་དང་འཛམ་གླིང་བཅོས་སྒྲིག་ཐད་སྐུལ་འདེད་བཏང་སྟེ “རྒྱལ་སྤྱིའི་འབྲེལ་བའི་དཔེ་དབྱིབས་གསར་རྐྱང་ཞིག་མགྱོགས་མྱུར་ཆགས་ཐུབ་པ་བྱ་རྒྱུ་རེད ”ཅེས་གསུངས་པ་རེད།
པར་ཙིར་སྤྱི་ཚོགས་འཕེལ་རྒྱས་དངུལ་ཁང་གི་ཧང་ཀྲང་ཁེ་ཏི་ཉི་ཨའོ་ཡིས་སན་ཡ་དབུ་ཚོགས་ཐོག་ནས་འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་ལས་ཐད་ཚད་བརྒལ་གལ་ཆེན་བྱུང་ནས་རྩ་འཛུགས་དེ་རྒྱལ་སྤྱིའི་རྩ་འཛུགས་དངོས་ལྟ་བུར་གྱུར་ཡོད་པ་མཚོན་གྱི་ཡོད་པའི་ངོས་འཛིན་གནང་བ་རེད།
ཧྥ་རན་སེའི 《འཛམ་གླིང་ཚགས་པར 》ཐོག་ཚེས་16ཉིན 《འབོ་གསེར་དབུ་ཚོགས་ཐོག་པེ་ཅིང་གིས་མཉམ་ལས་བྱེད་སྟངས་གཞན་ཞིག་གཏོད 》ཅེས་པའི་རྩོམ་ཡིག་སྤེལ་ནས་ཧུའུ་ཅིན་ཐའོ་ཡིས་དབུ་ཚོགས་ཐོག་འབོ་གསེར་རྒྱལ་ཁབ་ཀྱིས་མཚོན་བྱེད་དུ་བྱས་པའི་གསར་དར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་དེ “འཛམ་གླིང་དཔལ་འབྱོར་མཉམ་ལས་བྱེད་སྟངས་གསར་པ་དང་ཕྱོགས་མང་རིང་ལུགས་ཀྱི་གལ་ཆེའི་ལག་ལེན་ཞིག་ཡིན ”ཞེས་བསྔགས་བརྗོད་གནང་ཡོད་ཅེས་འཁོད་ཡོད་པ་རེད།