མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མན་ཀུའུ་ནས་ཟླ་4 ཚེས་20 ཉིན་གློག་འཕྲིན་འབྱོར་གསལ། ཏུང་ཅིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་20 ཉིན་ཏུང་ཅིང་གློག་ཤུགས་ཀུང་སིས་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་འཕྲུལ་ཙུའུ་གཉིས་པ་ནས་འགྱེད་འཕྲོའི་རང་བཞིན་ཆེ་བའི་བཙོག་ཆུ་གཙང་བཟོ་བྱས་པར་གྲུབ་འབྲས་རགས་ཙམ་ཐོབ་ཡོད་ཅིང་། འཕྲུལ་ཙུའུ་དེའི་རླངས་སྒུལ་འཕྲུལ་ཁང་ཕྱིའི་ཐད་ཁྲོན་ནང་བསགས་པའི་འགྱེད་འཕྲོའི་རང་བཞིན་ཆེ་བའི་བཙོག་ཆུ་དེ་འགྱེད་འཕྲོའི་བེད་མེད་དངོས་པོ་གཙང་བཟོའི་སྒྲིག་ཆས་ནང་བླུག་འགོ་ཚུགས་པ་རེད་ཅེས་བཤད་པ་རེད།
ཉིན་དེར་ཐུན་མོང་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བའི་ནང་སྐབས་ཤིག་རིང་གཞུང་དོན་སྒྲུབ་ཡུལ་དེ་རི་པིན་གྱི་ནུབ་ཕྱོགས་སམ་ཡང་ན་རྒྱལ་ཁབ་གཞན་དག་རི་པིན་དུ་བཅའ་སྡོད་གཞུང་ཚབ་ཁང་དུ་སྤོས་པ་དང་མིག་སྔར་ཏུན་ཅིང་དུ་ཡོད་པའི་ལས་སྒོ་སྤྱིར་ན་སླར་གསོ་ཐུབ་ཡོད་ཅེས་འཁོད་ཡོད་པ་རེད། ཚེས་20 ཉིན་རི་པིན་ཤར་ཕྱོགས་རོལ་རྩེད་ཀུང་སིས་ཚེས་28 ཉིན་ནས་བཟུང་ཏུང་ཅིང་གི་ཏི་ཧྲི་ཉི་རྒྱ་མཚོའི་རོལ་རྩེད་ཁང་སླར་ཡང་སྒོ་འབྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། དེ་གོང་ཏུང་ཅིང་ཏི་ཧྲི་ཉི་རོལ་རྩེད་ཁང་དེ་སྒོ་ཕྱེ་བ་མ་ཟད་རྒྱུན་ལྡན་བཞིན་གཉེར་སྐྱོང་བྱས་ཡོད་པ་རེད།
ཚེས་20 ཉིན་རི་པིན་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་ཚེས་21 ཉིན་དབུ་བཞུགས་བློན་ཆེན་ཅན་ཀྲེ་རེན་གྱིས་ཕུའུ་ཏའོ་རྫོང་དུ་གཟིགས་ཞིབ་གནང་སྐབས་ཉེ་ཆར་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོ་དང་བར་ཐག་སྤྱི་ལེ་20 ཡོད་སར “ཉེན་ཟོན་ཁུལ ”བཟོས་ནས་འགྲོ་འོང་བྱེད་མི་ཆོག་པའི་ཁྱབ་བསྒྲགས་བྱེད་སྲིད་ཅེས་གསུངས་པ་རེད།
ད་དུང་ཐུན་མོང་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བའི་ནང་ཚེས་19 ཉིན་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་ཧྥེ་ལུའོ་རུའེ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་རི་པིན་ལ་བརྟག་དཔྱད་ཚོགས་པ་མངགས་ནས་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོར་ཐོན་པའི་ལས་འཛོལ་ལ་ཤེས་རྟོགས་བྱ་རྒྱུ་ཡིན་ཞིང་། བརྟག་དཔྱད་ཚོགས་པ་དེ་མགྱོགས་ཤོས་སུ་ཟླ་བ་ལྔ་པར་རི་པིན་དུ་བསྐྱོད་རྒྱུ་ཡིན་པ་དང་ཟླ་བ་དྲུག་པའི་ཟླ་མཇུག་ཏུ་འཚོག་རྒྱུའི་འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་གློག་ཁང་གི་བདེ་འཇགས་ལ་ཁ་གཏད་གཅོག་རྒྱུའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣ་དང་བརྟག་དཔྱད་ཚོགས་པའི་སྙན་ཞུ་སོགས་དཔྱད་གཞིའི་ཡིག་ཆར་གཞིགས་ནས་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོར་ཐོན་པའི་ལས་འཛོལ་ལ་དཔྱད་དཔོག་རགས་ཙམ་བྱ་རྒྱུ་ཡིན་པ་རེད་ཅེས་གསུངས་པ་རེད།
ཚེས་19 ཉིན་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིགས་པ་མཁས་དབང་ལི་ཁྲང་ཡུང་གིས་དངུལ་ཁང་དེས་འདི་ལོ་རི་པིན་གྱི་དཔལ་འབྱོར་གོང་འཕེལ་འགྲོ་བར་སྔོན་དཔག་བྱེད་ཚད་འོས་འཚམས་ཀྱིས་དམའ་རུ་གཏོང་སྲིད་པ་དང་མིག་སྔའི་སྔོན་དཔག་བྱེད་ཚད་ 1.5 % ཡིན་པ་རེད་ཅེས་གསུངས་པ་རེད།