དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མཚོ་ཇག་མང་དུ་འགྲོ་རྒྱུ་བཀག་འགོག་བྱེད་པར་མཉམ་ལས་བྱེད་དགོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་གཙོ་གཉེར་བྱས་པའི་མཚོ་ཇག་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་ཚོགས་འདུ་ཟླ་4ཚེས་18ཉིན་ཨ་པུ་ཀྲ་པིར་འཚོགས་པ་དང་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི “གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཇིགས་སྐུལ་དང་ས་ཁུལ་རང་བཞིན་གྱི་ཁ་གཏད་གཅོག་སྟངས་ཀྱི་ཐོག་ནས་མཚོ་ཇག་ལ་རྡུང་རྡེག་གཏོང་བའི་ཐུན་མོང་གི་འཆར་གཞི་བཟོ་རྒྱུ ”དེ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་ལེ་ན་ཧ་དབྱང་གིས་ཚོགས་འདུའི་ཐོག་མཚོ་ཇག་གི་གནད་དོན་དེ་ད་ལྟའི་དུས་མཚམས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་འགྲན་སློང་འགངས་ཆེན་གྱི་གྲས་ཤིག་ཏུ་གྱུར་བས་ཕྱོགས་ཁག་གིས་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་རེ་འབོད་གནང་ཡོད། མཚོ་དོན་མཉམ་ལས་མཐུན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྒྲིག་གཞིའི་འགན་འཁུར་བ། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་25ཡི་འགོ་ཁྲིད་པའམ་ཡང་ན་འཐུས་མི་བཅས་དང་དེ་བཞིན་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱི་འགོ་གཙོ་དང་མཚོ་ཇག་ལ་ངོ་རྒོལ་བྱེད་པའི་གནད་དོན་གྱི་རིགས་གཅིག་མཁས་ཅན་སོགས་ཚོགས་འདུར་ཕེབས་པ་རེད།

        ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི 《གསལ་བསྒྲགས་ཚགས་པར 》ཐོག་ཚེས་19ཉིན་དཔྱད་གཏམ་སྤེལ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོ་ཇག་ལ་ངོ་རྒོལ་བྱེད་མཁན་དམིགས་བསལ་ཐེབས་རྩར་ཨ་སྒོར་ཁྲི་140ཕུལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཚོ་ཇག་ལ་རྡུང་རྡེག་གཏོང་བའི་འབྲེལ་ཡོད་འཆར་འགོད་ལག་བསྟར་བྱེད་རོགས་བྱས་པ་དེ་ཐོག་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མཚོ་ཇག་ལ་རྡུང་རྡེག་གཏོང་བའི་གཞུང་སེམས་དྲང་པོ་མཚོན་ཡོད། སླད་ཕྱིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དུས་ཚོད་འོས་འཚམས་ནང་འབྲེལ་ཡོད་སྒྲིག་གཞིར་མ་དངུལ་གྱི་རྒྱབ་སྐྱོར་བྱེད་སྲིད་ཅེས་བཤད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ཚེས་18ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་བསྡུས་བྱེད་ཐབས་ཤིག་སྤྱད་དེ་སུའོ་མ་ལིའི་མཚོ་འགྲམ་གྱི་དྲག་ཆས་སྤྲས་པའི་མཚོ་ཇག་ལ་ཁ་གཏད་གཅོག་རྒྱུའི་རེ་འབོད་གནང་བ་རེད།

        རྒྱལ་སྤྱིའི་མཚོ་དོན་ཅུས་ཀྱིས་སྙན་ཞུ་གསར་ཤོས་སྤེལ་བར་གཞིགས་ན། 2011ལོའི་དུས་ཚིགས་དང་པོར་གོ་ལ་་ཧྲིལ་པོར་ཁྱོན་མཚོ་ཇག་གི་དོན་རྐྱེན་ཐེངས་142ཐོན་པ་དེའི་ནང་ཐེངས་97ནི་སུའོ་མ་ལིའི་མཚོ་ཇག་གི་བྱེད་སྤྱོད་ཡིན་པ་རེད། མཚོ་ཇག་གི་དོན་རྐྱེན་མང་དུ་འགྲོ་བ་དང་སྦྲགས་མཚོ་ཇག་བྱེད་སྤྱོད་ཀྱི་གཏུམ་སྤྱོད་ཟམ་མི་ཆད་པར་ཚབས་ཆེར་འགྲོ་བ་དང་སུའོ་མ་ལིའི་མཚོ་ཇག་གི་བྱེད་སྤྱོད་ཁྱབ་ཁོངས་ཀྱང་ཨ་ཧྥེ་རི་ཁ་གླིང་ནུབ་རྒྱུད་མཚོ་འགྲམ་ནས་ཐ་ན་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཁྱབ་ཡོད། འདི་ལོའི་དུས་ཚིགས་དང་པོར་ནི་ཀྲི་རི་ཡའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་མཚོ་ཇག་གི་དོན་རྐྱེན་ཐེངས་5ཐོན་པ་དེ་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་དེའི་ཁྲོད་ཀྱི་ཐེངས་གཅིག་ཁོ་ནར་གྲུ་པ་27ལ་རྨས་སྐྱོན་ཕོག་ཅིང་། གནས་ཚུལ་དེ་རིགས་པེ་ནི་ན་རུའང་ཐོན་འགོ་ཚུགས་ཡོད།

        རྒྱལ་སྤྱིའི་མཚོ་དོན་ཅུས་ཀྱིས་1991ལོ་ནས་མཚོ་ཇག་སྙན་ཞུའི་ལྟེ་གནས་བཙུགས་ཏེ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་མཚོ་ཇག་བྱེད་སྤྱོད་ཐོ་འགོད་དང་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད་པ་དེའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིར་གཞིགས་ན། 2010ལོའི་དུས་ཚིགས་དང་པོར་མཚོ་ཇག་གི་འཇབ་རྒོལ་དོན་རྐྱེན་ཐེངས་67ཐོན་པ་དེའི་ནང་ཐེངས་35ནི་སུའོ་མ་ལིའི་མཚོ་ཇག་གི་བྱེད་སྤྱོད་ཡིན་པ་རེད། སྙན་ཞུ་གསར་ཤོས་ནང་2011ལོའི་དུས་ཚིགས་དང་པོར་སུའོ་མ་ལིའི་མཚོ་ཇག་གིས་གྲུ་གཟིངས་18དང་གཏའ་མི་334བཙན་ཁྲིད་བྱས་པ་དེའི་ནང་མི་6བསད་པ་དང་གཞན་ཡང་གྲུ་གཟིངས་ནང་འཛུལ་ནས་ཟིང་ཆ་ཐེངས་45བསླངས་པ་དང་གྲུ་གཟིངས་ལ་མེ་མདའ་རྒྱག་པའི་དོན་རྐྱེན་ཐེངས་མང་བསླངས་ཡོད། སུའོ་མ་ལིའི་ཤར་རྒྱུད་མཚོ་ཁོངས་ཀྱི་མཚོ་ཇག་གི་བྱེད་སྤྱོད་དེ་སྨྱོ་ཧམ་ཆེ་ཤོས་ཡིན་པ་དང་དོན་རྐྱེན་དེའི་ཁྲོད་གྲུ་གཟིངས་15ལ་གནོད་འཚེ་ཕོག་པ་དང་མི་གཏའ་299བཙན་ཁྲིད་བྱས་ཡོད། ཟླ་3ཚེས་31ཉིན་བར་ད་དུང་སུའོ་མ་ལིའི་མཚོ་ཇག་གིས་གྲུ་གཟིངས་28དང་གཏའ་མི་596བཙན་ཁྲིད་བྱས་ཡོད་པ་མཚོན་ཡོད།

        དབྱིན་ཇིའི 《གཟའ་ཉི་མའི་རང་བཙན་ཚགས་པར 》ཐོག་ཚེས་17ཉིན་རྒྱལ་སྤྱིའི་འཐབ་ཇུས་བློ་འདྲི་ཀུང་སིའི་སྙན་ཞུ་གསར་ཤོས་དྲངས་ནས་སུའོ་མ་ལིར་མིག་སྔར་ཉུང་མཐར་ཡང་མཚོ་ཇག་1500ཡོད་པ་དང་མཚོ་ཇག་རེའི་ལོའི་ཡོང་འབབ་ཨ་སྒོར་ཁྲི་7.9ལོན་གྱི་ཡོད་པ་བཤད་ཡོད། སུའོ་མ་ལིའི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་ཨ་སྒོར་500ཙམ་ལས་ལོན་གྱི་མེད་པར་བརྟེན་མཚོ་ཇག་གི་ཚོགས་སྤྱིར་ལོ་ལྟར་མི་400ཙམ་མང་དུ་འགྲོ་གི་ཡོད། སྙན་ཞུའི་ནང་ད་དུང་2015ལོར་སླེབས་སྐབས་མཚོ་ཇག་གི་ཁེ་ཕན་དེ་70%ཙམ་འཕར་ནས་ཨ་སྒོར་དུང་ཕྱུར་4ལོན་སྲིད་པ་བཤད་ཡོད། དབྱིན་ཇིའི་ཇུས་འདོན་ཚོགས་པ་ཞིག་གིས་སུའོ་མ་ལིའི་མཚོ་ཇག་གི་བྱེད་སྤྱོད་དེས་2015ལོར་སླེབས་སྐབས་གོ་ལ་ཧྲིལ་པོར་ཨ་སྒོར་དུང་ཕྱུར་150ཡི་དཔལ་འབྱོར་གྱོང་གུན་བཟོ་སྲིད་པ་དེ་2010ལོའི་ཨ་སྒོར་དུང་ཕྱུར་83ལས་ལྡབ་གཅིག་ཙམ་གྱིས་མང་བ་ཡོད་པའི་སྔོན་དཔག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།