དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • “ཀྲུང་གོའི་རྒྱ་ཡིག་དགེ་རྒན་གྱིས་ང་ཚོར་མཛའ་གྲོགས་དང་གཅེས་སེམས་བརྒྱུད་སྤེལ་གནང་བྱུང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མོང་གོལ་དུ་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ།ཧུའོ་ཝུན་གྱིས།   |     སྤེལ་དུས།  2015-05-15

        “རྒྱ་སྐད་ཀྱི་འབྲེལ་ཟམ་ཞེས་པ་ཞིག་ཡོད་པ་དེས་མི་དུང་ཕྱུར་བཅུ་གསུམ་དང་སྤེལ་རེས་བྱེད་སའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ཞིག་བཏོད་པས་ང་ཀྲུང་གོ་ལ་དགའ་མཁན་ཞིག་ཏུ་གྱུར་སོང ”ཞེས་མོང་གོལ་རྒྱལ་ཁབ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་གི་ལོ་རིམ་གཉིས་པའི་སློབ་མ་པའེ་ཀེ་ལེས་ཆུ་རྒྱུག་པ་ལྟར་གྱི་རྒྱ་སྐད་ཐོག་ནས་རང་ཉིད་ཀྱི་སྙིང་གཏམ་བཤད། “ངའི་ཀྲུང་གོའི་རྒྱ་སྐད་དགེ་རྒན་གྱིས་ངང་རྒྱུད་རིང་པོའི་སྒོ་ནས་དཀའ་གནད་སྒྲོག་འགྲེལ་གནང་རོགས་བྱས་ནས་མཛའ་གྲོགས་དང་གཅེས་སེམས་ང་ཚོར་བརྒྱུད་སྤེལ་གནང་བྱུང ”ཞེས་པའི་སྐད་ཆ་དེ་ནི་ཟླ་4ཚེས་9ཉིན་མོང་གོལ་རྒྱལ་འཛུགས་སློབ་ཆེན་དུ་གཉེར་བའི་བརྗོད་བྱ་གཙོ་བོ་ལ “མཛའ་གྲོགས་ཀྱི་འབྲེལ་ཟམ། སེམས་ཁམས་ཀྱི་བདུད་རྩི ”ཞེས་པའི “རྒྱ་སྐད་ཀྱི་འབྲེལ་ཟམ ”འཛམ་གླིང་སློབ་ཆེན་སློབ་མའི་རྒྱའི་སྐད་ཡིག་འགྲན་བསྡུར་སྐབས་བཅུ་པ་མོང་གོལ་འགྲན་ཁུལ་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱ་ཡུལ་དངོས་ལ་བཤད་པ་ཞིག་རེད།

        ཉིན་དེའི་མོང་གོལ་རྒྱལ་འཛུགས་སློབ་ཆེན་ཚོགས་ཁང “རྒྱ་སྐད་ཀྱི་འབྲེལ་ཟམ ”འགྲན་བསྡུར་བྱ་ཡུལ་དུ་ཉན་མཁན་ཧ་ཅང་མང་པོ་ཡོད་པ་དང་ཚོགས་ཁང་གི་ཀྲུའུ་ཞི་སྟེགས་བུའི་གཞོགས་གཉིས་སུ་ལྒང་བཞུ་དམར་པོ་ཆེན་པོ་གཉིས་བཀལ་བ་དེས་ཀྲུང་གོའི་ཁྱད་ཆོས་དེ་བས་མངོན་པ་བྱས་ཡོད། འགྲན་བསྡུར་འགོ་ཚུགས་རྗེས་བདམས་ཐོན་པས་རང་གིས་བརྗོད་དོན་བདམས་ནས་གཏམ་བཤད་སྤེལ་བ་དང་འགྲན་རའི་དྲི་བར་དྲིས་ལན་འདེབས་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད་ནས་རང་ཉིད་ཀྱི་རྒྱ་ཡིག་འབྲི་ཀློག་གི་ནུས་པ་དང་སྐད་བརྡ་གཏོང་ནུས་གང་ལེགས་མངོན་པ་བྱས་ཡོད། ཁོང་ཚོས་ཞབས་བྲོ་རྒྱག་པ་དང་། གླུ་གཞས་གཏོང་བ། རོལ་ཆ་དཀྲོལ་བ། སྙན་ངག་གྱེར་འདོན་བྱེད་པ་སོགས་ཀྲུང་ཧྭའི་རིག་རྩལ་མངོན་པ་བྱས་ཏེ་འགྲན་བསྡུར་ཚ་ཚ་འུར་འུར་ཞིག་སྤེལ་བ་རེད།

        མོང་གོལ་རྒྱལ་འཛུགས་སློབ་ཆེན་གྱི་སློབ་མས་འཁྲབ་པའི་བོད་རིགས་ཀྱི་ཞབས་བྲོ 《སྨོན་འདུན 》ཞེས་པས་མོང་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྨོན་འདུན་བཟང་པོ་མངོན་པ་བྱས་ཡོད་པ་དང་མོང་གོལ་རྒྱལ་ཁབ་སློབ་གསོ་སློབ་ཆེན་གྱི་ཙུའུ་ལ་ཀེ་རི་ལེས་འཁྲབ་པའི་རང་རྩོམ་ཞབས་བྲོ་ཀྲུང་གོའི་རླུང་གཡབ་ཞབས་བྲོ་དང་མོང་གོལ་ཞབས་བྲོ་མཉམ་དུ་བསྲེས་པ་དེས་དེ་ཡོད་གཟིགས་མོ་བའི་མིག་དབང་རབ་རུ་འཕྲོག་ཅིང་། “རྒྱ་སྐད་ཀྱི་འབྲེལ་ཟམ ”འགྲན་བསྡུར་གྱི་མཛའ་གྲོགས་འཁྲབ་སྟོན་བྱེད་མཁན་ཡིན་པའི་ཝུའུ་ལང་པ་ཐུའོ་ཡི་སློབ་གྲྭ་ཨང་23པའི་སློབ་ཆུང་སློབ་མའི་ཞབས་བྲོ་རུ་ཁག་གིས་འཁྲབ་པའི་ཀྲུང་གོའི་ཁྱད་ཆོས་ཟབ་མོ་ལྡན་པའི་ཞབས་བྲོ 《དགའ་སྤྲོ་རབ་ཏུ་འཁོལ་བ 》ཞེས་པ་དེས་མོང་གོལ་རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་ཚོས་རྒྱ་ཡིག་སློབ་སྦྱོང་བྱེད་པའི་རྣམ་པ་རིམ་བཞིན་ལེགས་སུ་འགྲོ་གི་ཡོད་པ་ཚོར་ཐུབ།

        ད་རེས་ཀྱི “རྒྱ་སྐད་ཀྱི་འབྲེལ་ཟམ ”ཞེས་པའི་འགྲན་བསྡུར་གྱི་གཙོ་གཉེར་བའི་གྲས་མོང་གོལ་རྒྱལ་ཁབ་ཀྱི་རྒྱ་སྐད་དགེ་རྒན་མཐུན་ཚོགས་ཀྱི་ཚོགས་གཙོ་མཁྱེན་ལྡན་མ་ཀེའར་ལེས “མོང་གོལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག་མོང་གོལ་རྒྱལ་ཁབ་ཏུ་རྒྱ་ཡིག་འཕེལ་རྒྱས་ཧ་ཅང་མྱུར་པོ་བྱུང་ཡོད། ང་སྡོད་སའི་མོང་གོལ་རྒྱལ་ཁབ་རྒྱལ་འཛུགས་སློབ་ཆེན་གྱི་ཕྱི་རྒྱལ་སྐད་ཡིག་སློབ་གླིང་ལྟར་ན་ལོ་ཁ་ཤས་ཀྱི་སྔོན་དུ་རྒྱ་ཡིག་ཆེད་ལས་ལ་ཐོ་འགོད་མཁན་ཆ་སྙོམས་མི་20ཙམ་ཡོད་པས་འཛིན་གྲྭ་གཅིག་ཏག་ཏག་བཟོ་ཆོག་གི་ཡོད། 2010ལོ་ནས་2011ལོའི་ལོ་འཁོར་མོར་རྒྱའི་སྐད་ཡིག་ཆེད་ལས་སུ་ཡིག་རྒྱུགས་སྤྲོད་མཁན་60ཡོད་པས་རྒྱ་ཡིག་འཛིན་གྲྭ་3བར་མང་དུ་བཏང་ཡོད ”ཅེས་བཤད།

        “བསམ་བློ་ཡང་ཡང་བཏང་རྗེས་ངས་རྒྱ་ཡིག་གི་ཆེད་ལས་བདམས་པ་ཡིན། རྒྱ་ཡིག་སྦྱངས་རྗེས་ངས་གཞི་ནས་འཕྱུགས་མེད་ཀྱི་གདམ་ག་ཞིག་ཡིན་པ་ཤེས་བྱུང་། རྨོ་འདེབས་ཇི་ཙམ་བྱས་ན་ཡོང་འབབ་དེ་ཙམ་ཐོབ་ཅེས་པའི་དཔེ་ལྟར་དེ་རིང་ང་ལ་གྲུབ་འབྲས་བཟང་པོ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང ”ཞེས་སྐབས་འདིའི “རྒྱ་སྐད་ཀྱི་འབྲེལ་ཟམ ”ཞེས་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་ཚའོ་ཚའོ་ལེས་སྤྲོ་བ་ཆེན་པོའི་སྒོ་ནས་གསར་འགོད་པར་བཤད། “དེ་རིང “རྒྱ་སྐད་ཀྱི་འབྲེལ་ཟམ ”གྱིས་ང་གར་སྟེགས་འདིའི་ཐོག་ཏུ་ཁྲིད་བྱུང་བས་མ་འོངས་པར་ངས་རྒྱ་ཡིག་འཛམ་གླིང་དུ་ཁྱབ་པ་བྱེད་ངེས ”ཞེས་པ་དང “ཀྲུང་གོའི་རྒྱ་ཡིག་དགེ་རྒན་གྱིས་དཀའ་སྤྱད་འབད་བརྩོན་གནང་ནས་ང་ཚོའི་སེམས་སུ་མཛའ་གྲོགས་ཀྱི་ས་བོན་བཏབ་སོང་། ང་ཚོས་རྒྱ་ཡིག་སྦྱོང་དོན་ནི་མཛའ་གྲོགས་ཀྱི་མྱུ་གུ་རྒྱུན་ཆད་མེད་པར་འཚར་ལོངས་ཡོང་དུ་འཇུག་རྒྱུ་དེ་ཡིན ”ཞེས་པ་ནི་མོང་གོལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་སློབ་ཆེན་གྱི་ཨ་ལིའུ་ནས་རྒྱ་ཡིག་སྦྱོང་མཁན་སློབ་མ་ཡོངས་ཀྱི་སེམས་གཏིང་གི་སྐད་ཆ་བཤད་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།