དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • “ཕྱུག་བདག་མི་རབས་གཉིས་པའི”དངོས་ཡོད་རྒྱུ་ནོར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཚའོ་ཕེང་ཁྲེང་གིས།   |     སྤེལ་དུས།  2015-05-15

        “རྐང་དངུལ་འཇོག་མཁས་ཅན ”པ་ཕེ་ཐེའི་བུ་ཕི་ཏེ ·པ་ཕེ་ཐེས 《ཁྱོད་ཀྱི་བྱ་བ་ཁྱོད་ཀྱིས་སྒྲུབ་དགོས 》ཞེས་པའི་རྣམ་ཐར་གསར་པ་ཞིག་བཏོན་ཡོད། ཁོང་གིས་ཀྲུང་གོར་ཁྱབ་གདལ་གཏོང་བའི་བྱ་བ་སྒྲུབ་སྐབས་དོན་སྙིང་ཆེན་པོ་ལྡན་པའི་གནས་ཚུལ་ཞིག་བཤད་ཡོད། ལོ་ན་གཞོན་པའི་སྐབས་རོལ་དབྱངས་འཁྲབ་ཚན་སྐོར་སྐྱོད་འཁྲབ་སྟོན་ཆེད་མ་དངུལ་གྲབས་གསོག་བྱེད་རིང་བྱ་བ་ཆུང་ཙག་འདི་འདྲ་ཞིག་བསྒྲུབ་པར་ཁྱོད་ཀྱིས་པཱ་ལགས་ས་ནས་དངུལ་ལེན་ན་འགྲིག་གི་མ་རེད་དམ་ཞེས་མ་རྩ་འཇོག་མཁན་དང་དངུལ་རོགས་རམ་བྱེད་མཁན་ཚང་མས་དེ་འདྲ་བཤད་སྐབས་ཕེ་ཏེ་བློ་ཧ་ཅང་ཕངས་པོ་བྱུང་རྗེས་བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ནི་ཕི་ཐེ་ཡིན་པ་ལས་པ་ཕེ་ཐེ་ཆུང་བ་མིན་ཞེས་ནན་བཤད་བྱས་ཀྱང་ད་ལྟ་གཞི་ནས་པཱ་ལགས་ཀྱིས་སྔོན་ལ་རང་ཉིད་ལ་དངུལ་གྲབས་གསོག་བྱེད་དུ་བཅུག་པ་དང་མ་འདང་བའི་ཆ་10%དེ་པཱ་ལགས་ཀྱིས་འགན་འཁུར་བའི་བྱེད་སྟངས་དེར་ཁོང་གིས་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱུང་། “བྱེད་སྟངས་དེ་ཐོག་ནས་པཱ་ལགས་ཀྱིས་ང་ལ་དགའ་གཅེས་དང་བརྩི་འཇོག་གནང་སྟེ་ང་རང་ཉིད་ལ་གྲུབ་འབྲས་ཐོབ་རྒྱུའི་གོ་སྐབས་ཤིག་གནང་བ་ངས་ཤེས་ཚོར་བྱུང ”

        དོན་དམ་དུ་ཕེ་ཏེར་སྔར་བཞིན་རང་གྲུབ་ཀྱི་ལེགས་ཆ་ལྡན་ཡོད། ཨ་རིའི་གྲགས་ཅན་རོལ་དབྱངས་བ་དང “ཨའེ་མེའི་བྱ་དགའ ”ཐོབ་མྱོང་མཁན་ཁོང་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་ཤོས་ཀྱི “ཕྱུག་བདག་མི་རབས་གཉིས་པའི ”གྲས་ཤིག་རེད་ཅེས་བརྗོད་ཆོག སྐྱེ་ཐོབ་ཀྱི་ཤེས་རབ་སྣ་ཚོགས་ལྡན་པས་གཞན་དང་མི་འདྲ་བའི་འགོ་ཚུགས་ས་ཞིག་ཡོད། གལ་སྲིད་ཕེ་ཏེ་དཀའ་ངལ་གྱི་གནས་སུ་གྱར་ན་པ་ཕེ་ཐེས་ཀྱང་རྒྱབ་སྐྱོར་ངེས་ཅན་ཞིག་བྱེད་སྲིད་པས་འགྲན་རྩོད་ཁྲོད་ཕེ་ཏེར་མི་གཞན་ལས་གདེང་ཚོད་ཆེ་བ་ཡོད་པ་ཉག་ཅིག་རེད།

        “རྐང་དངུལ་འཇོག་མཁས་ཅན ”གྱིས་ཁྱིམ་གྱི་རྒྱུ་ནོར་རང་ཉིད་ཀྱི་ཕྲུ་གུར་འཇོག་རྒྱུའི་གདམ་ག་མ་བྱས་པར་ཕྲུ་གུར་རང་གི་འཚོ་བ་སྐྱེལ་བའི་ཁོར་ཡུག་ཅིག “གཏོད་པ ”དེ་ནི་དོན་དངོས་ཐོག་རིག་པ་ཧ་ཅང་གསལ་པོ་ཞིག་རེད། མི་ལ་ལས་དེ་ནི “མ་རྐང་འཇོག་མཁས་ཅན ”གྱིས་མིང་གྲགས་ཤིག་ཐོབ་ཆེད་འུད་སྒྲོག་བྱས་པའི་བྱེད་སྟངས་ཤིག་རེད་ཅེས་ཤོད་ལ་མི་ལ་ལས་ཀྱང་དེ་ནི་ཨ་རིའི་ཤུལ་གཞག་དཔྱ་ཁྲལ་ཧ་ཅང་མཐོ་བའི་དབང་གིས་རྒྱུ་ནོར་སྟོངས་དགོས་བྱུང་ན་ཡང་ཕྲུ་གུར་དེ་ཙམ་མི་འཇོག་པ་དེ་རེད་ཅེས་ཤོད་ཀྱི་ཡོད། ཤོད་སྟངས་དེ་རིགས་ལ་གནས་ལུགས་ངེས་ཅན་ཞིག་ལྡན་ཡང་དངོས་ཡོད་ཐོག་བྱེད་སྟངས་དེ་རིགས་གདམ་ག་བྱེད་མཁན་ནི་ཧ་ཅང་ཉུང་ཉུང་རེད།

        ཀྲུང་གོར་གནའ་སྔ་མོ་ནས་དམངས་ཁྲོད་ཀྱི་སྒྲུང་གཏམ་ཞིག་ཡོད་པ་དེས “ཕྱུག་བདག་མི་རབས་གཉིས་པའི ”རྒྱུ་ནོར་གྱི་གནད་དོན་དེ་གཟུགས་སུ་བཀོད་པའི་ཐོག་ནས་གསལ་བཤད་བྱས་ཡོད། ཕྱུག་བདག་རྒད་པོ་ཞིག་ཡོད་པ་དེས་འཆི་ཁར་སྒྱིད་ལུག་ཅན་གྱི་ཕྲུ་གུ་གཉིས་ཉལ་ཁྲིའི་མདུན་དུ་སྐད་བཏང་སྟེ “ང་ཚོའི་ཁྱིམ་གྱི་ས་ཞིང་ནང་དངུལ་སྒོར་སྒམ་གཅིག་སྦས་ཡོད་པས་གལ་སྲིད་ཁྱོད་ཚོར་དངུལ་དཀོན་པོ་ཆགས་ན་ས་ཞིང་འཚོང་རྒྱུ་མེད་པར་ས་ཞིང་ནང་ནས་སྒམ་དེ་སྔོག་ན་འགྲིག ”ཅེས་བཤད་པ་རེད། ལོ་ཁ་ཤས་ཡང་མ་སོང་བར་བུ་གཉིས་པོ་དེས་ཁྱིམ་གྱི་རྒྱུ་ནོར་ཚང་མ་གཏོར་བརླག་བཏང་སྟེ་ཐབས་ཟད་ནས་རྒད་པོས་བཞག་པའི་དངུལ་སྒོར་སྔོག་པར་ཕྱིན་ཡང་ས་ཞིང་ཚང་མ་ཐེངས་གཅིག་སློག་རྗེས་ཀྱང་དངུལ་སྒོར་ཪྙེད་མེད། ངལ་རྩོལ་འཕྲོ་བརླག་མི་འགྲོ་བའི་ཆེད་ཁོང་གཉིས་ཀྱིས་ས་ཞིང་དེའི་ཐོག་ལོ་ཏོག་བཏབ་སྟེ་ལོ་དེ་སྐྱེལ་རྩིས་བྱས་པ་རེད། སྟོན་ཁ་ལོ་ལེགས་བྱུང་སྟེ་བུ་གཉིས་ཀྱིས་འབྲུ་རིགས་རྣམས་བཙོངས་སྟབས་དངུལ་སྒོར་སྒམ་གཅིག་ཏག་ཏག་རག་སྐབས་ཁོང་གཉིས་ཀྱིས་གཞི་ནས་རྒད་པོའི་སེམས་གཏིང་གི་སྐད་ཆ་དེར་གོ་བ་ལོན་ཐུབ་པ་བྱུང་སྟེ་དུས་དེ་ནས་བཟུང་ངལ་རྩོལ་བྱས་ཏེ་ཕྱུག་པོ་ཆགས་འགོ་ཚུགས་ཡོད།

        “ཕྱུག་བདག་མི་རབས་གཉིས་པའི ”དངོས་ཡོད་རྒྱུ་ནོར་ནི་སྐྱེ་དུས་ནས་ཕྱུག་པོ་ཞིག་མིན་པར་མེས་པོ་ཚོའི་ཕྱུག་འགྱུར་གྱི་ཉམས་མྱོང་དང་ཡིད་ཆེས་དེ་རེད། ཁྱིམ་རྒྱུད་ཀྱིས་བཞག་པའི་རྒྱུ་ནོར་སྟབས་བདེའི་ངང་ཐད་ཀར་རྒྱུན་འཛིན་བྱས་ན་རང་ཉིད་ཀྱིས་བྱ་གཞག་གསར་གཏོད་བྱས་པའི་བརྒྱུད་རིམ་མེད་སྟབས་མེས་པོ་ཚོས་འབད་འཐབ་བྱས་རྗེས་ཀྱི་གྲུབ་འབྲས་ཐོབ་པའི་མྱོང་ཚོར་དེ་ཤེས་ཚོར་གཏན་ནས་ཡོང་མི་ཐུབ་པར་ཁ་ཕྱོགས་འཛོལ་ནས་རྟག་ཏུ་ཕྱུག་པོ་ངོམས་ནས་རང་ཉིད་ལ་གྲུབ་འབྲས་ཐོབ་ལུགས་ནན་བཤད་བྱས་ནས་འཁྱོག་ལམ་དུ་ལྷུངས་སྲིད། “སྐྱེ་དུས་ནས་ཁ་ནང་དངུལ་གྱི་ཐུར་མ་ཞིག་འཁྱེར་ཡོང་མཁན་དེ་མཐར་ཐུག་སྒལ་པར་དངུལ་གྲི་བཙུགས་པ་ཞིག་ཏུ་འགྱུར་སྲིད། དེ་གང་ལགས་ཤེ་ན་ཁོང་ཚོར་དབང་ཆའི་ཚོར་བ་བྱུང་བ་ལས་གྲུབ་འབྲས་དེ་ཙམ་མེད་པའི་བསམ་བློ་ཐོན་སླ་བ་ཞིག་ཡོད ”ཅེས་པའི་པ་ཕེ་ཐེས་བུར་བསླབ་བྱ་བྱས་པ་དང་འདྲ་བ་ཞིག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།