དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཡོ་རོབ་མནའ་འབྲེལ་གྱིས་པའོ་ཅེ་དང་ལེན་ཧོ་ལི་ཧྭ་ཡིས་དག་ཕྱེའི་རིན་གོང་ལ་ཁ་ལོ་སྒྱུར་བར་ཆད་པ་ནན་པོ་བཅད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་པུ་རུ་སེར་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་པའོ་ཅེ་དང་ལེན་ཧོ་ལི་ཧྭར་བསྡོམས་འབོར་ཡོ་རོབ་སྒོར་མོ་དུང་ཕྱུར་3.2ཙམ (ཨ་སྒོར་དུང་ཕྱུར 4.6ཙམ་ཡིན་པ )གྱི་སྒེར་སྡེམ་ལ་རྒོལ་བའི་དངུལ་ཆད་བཅད་དེ་རྒྱུན་མཁོའི་འཛད་རྫས་འཚོང་མཁན་ཀུང་སི་ཆེ་གྲས་དེ་གཉིས་ཀྱིས་ཁྱིམ་སྤྱོད་དག་ཕྱེའི་རིན་གོང་ལ་ཁ་ལོ་སྒྱུར་བར་ཐག་གཅོད་བྱས་པའི་ཁྱབ་བསྒྲགས་བྱས་པ་རེད།

        ཡོ་རོབ་སྒོར་མོ་དུང་ཕྱུར་3.2ཙམ་གྱི་དངུལ་ཆད་ནང་པའོ་ཅེ་ཀུང་སིར་ཆད་པ་ཕོག་ཚད་མང་ཤོས་ཡིན་ཏེ་ཡོ་རོབ་སྒོར་མོ་དུང་ཕྱུར་2.1(ཨ་སྒོར་དུང་ཕྱུར་3.04ཙམ་ཡིན་པ )ལས་བརྒལ་བ་དང་ལེན་ཧོ་ལི་ཧྭ་ཀུང་སིར་ཡོ་རོབ་སྒོར་མོ་དུང་ཕྱུར་1.04(ཨ་སྒོར་དུང་ཕྱུར་1.51ཙམ་ཡིན་པ )ཡི་དངུལ་ཆད་བཅད་པ་རེད། ཀུང་སི་དེ་གཉིས་ཀྱིས་དོན་རྐྱེན་བྱུང་རྗེས་བརྟག་ཞིབ་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་པ་དང་འབྲེལ་རང་འགུལ་ངང་གནད་དོན་གསལ་བཤད་ཀྱང་བྱས་ནས་མཐུན་འགྲིག་ཡོང་ཐབས་བྱས་པས་འབྲེལ་ཡོད་དངུལ་ཆད་10%ཉུང་དུ་བཏང་ཡོད། འཇར་མན་གྱི་ཧན་ཀའོ་ཀུང་སིའང་ཁྲོམ་རའི་རིན་གོང་ལ་ཁ་ལོ་སྒྱུར་བའི་ཁྲིམས་འགལ་གྱི་ཁ་ཐེའར་རྩ་འཛུགས་དེའི་ནང་ཞུགས་ཡོད་ནའང་རང་འགུལ་ངང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་ལ་མཚང་འབྱིན་བྱས་པས་དངུལ་ཆད་ཕོག་མེད་པ་རེད།

        བརྟག་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་དོན། ཁྲིམས་འགལ་གྱི་ཁ་ཐེའར་རྩ་འཛུགས་དེ་བཙུགས་ནས་ལོ་གསུམ་ཙམ་གནས་ཡོད་པ་དང་དེ་པི་ལི་ཧྲི་དང་། ཧྥ་རན་སི། འཇར་མན། ཀེ་རི་ས་སོགས་ཡོ་རོབ་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་8ཀྱི་ཁྲོམ་ར་དང་འབྲེལ་བ་ཡོད་ཅིང་། 2002ལོའི་ལོ་འགོར་པའོ་ཅེ་དང་། ལེན་ཧོ་ལི་ཧྭ། ཧན་ཀའོ་བཅས་རྒྱུན་མཁོའི་འཛད་རྫས་འཚོང་མཁན་ཀུང་སི་ཆེ་གྲས་དེ་གསུམ་པོས་ཐུན་མོང་ཐོག་ཞིབ་འཇུག་གསར་སྤེལ་བྱས་ནས་གཙང་ཁྲུས་ཐོན་རྫས་ཀྱི་ཁོར་ཡུག་སྲུང་སྐྱོང་ནུས་པ་ཆེ་རུ་བཏང་རུང་ཁོང་ཚོས་དེར་ཁ་གཡར་ནས་2005ལོའི་ཟླ་3པའི་བར་མཐུན་སྤྱོར་ངང་རིན་གོང་ལ་ཁ་ལོ་སྒྱུར་བ་དང་འབྲེལ་དྲང་གཞག་འགྲན་རྩོད་དང་འགལ་བའི་བྱེད་སྤྱོད་གཞག་དག་ཡང་སྤེལ་ཡོད་པ་རེད།

        ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་འགྲན་རྩོད་ལས་དོན་གྱི་འགན་འཁུར་མཁན་ཨུ་ཡོན་གཅིག་ལྕོགས་ཡིན་པའི་ཧྭ་ཅིན ·ཨའར་མུའུ་ཉི་ཡས་ཁྲིམས་འགལ་བྱེད་སྤྱོད་སྤེལ་བའི་ཁེ་ལས་གང་རུང་ཞིག་གིས་ཀྱང་རང་ཉིད་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཆད་གཅོད་ལས་ཐར་ཐུབ་པའི་སྟོང་བསམ་བཅངས་མི་ཉན་ཞེས་བཤད་པ་རེད།

        ཁ་ཐེའར་ནི་ཁྲོམ་ར་སྒེར་སྡེམ་བྱེད་པ་དང་ཁེ་བཟང་མང་པོ་ཐོབ་ཆེད་རིགས་མཐུན་གྱི་ཚོང་རྫས་ཐོན་སྐྱེད་བྱེད་པའི་ཀུང་སིས་ཚོང་ཟོག་གི་རིན་གོང་དང་། ཐོན་ཚད། ཕྱིར་ཚོང་སོགས་ཀྱི་ཐད་གྲོས་ཆོད་བཞག་ནས་ཆགས་པའི་མནའ་མཐུན་ཞིག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།