དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མཛའ་གྲོགས་ཀྱི་ས་བོན་བཏབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།མ་ཅན་དང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ཝུའེ་ཅན་ཧྭ་ཡིས།   |     སྤེལ་དུས།  2015-05-15

        ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་11ཉིན་ས་མོ་ཡར་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་གྱིས་ཀྲུང་གོ —ས་མོ་ཡ་ཞིང་ལས་ལག་རྩལ་མཉམ་ལས་དཔེ་སྟོན་ཞིང་རར་གཟིགས་སྐོར་གནང་ཞིང་། འདི་ནི་ཅ་ཆིང་ལིན་གྱིས་ཞིང་རའི་འབྲེལ་ཡོད་ངོ་སྤྲོད་གསན་པའི་གནས་ཚུལ་ཡིན་པ།

        ས་མོ་ཡའི་རྒྱལ་ས་ཨ་ཕི་ཡའི་ལྷོ་ནུབ་མཚམས་ཀྱི་སྔོ་ཐིང་ངེར་གནས་པའི་ས་ཆའི་ཐོག་ཞིང་ར་ཞིག་ཡོད། ཉི་འོད་རབ་ཏུ་འཕྲོ་བའི་འོག་ཏུ་འགྱིག་ཤོག་གི་དྲོད་ཁང་དེ་བས་མིག་འཚོར་བ་ཞིག་ཡོད།

        ཀྲུང་གོས་སྐྲུན་རོགས་བྱས་པའི་དཔེ་སྟོན་ཞིང་ར་དེར་ས་ཁྱོན་དབྱིན་མུའུ་10ཡོད་པ་དང་2010ལོའི་ཟླ་བ་དྲུག་པའི་ནང་དངོས་སུ་ལས་འགོ་ཚུགས་ཤིང་། རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་དང་ལག་རྩལ་མི་སྣས་གཞོགས་འདེགས་དམ་ཟབ་བྱས་པ་དང་ལྷག་པར་དུ་ཀྲུང་གོའི་ཞིང་ལས་མཁས་ཅན་ཚོགས་ཆུང་གིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་དུས་ཐུང་ཟླ་ཤས་ནང་དེ་སྔ་རྩྭ་ངན་གྱིས་ཁེངས་པའི་ས་ཆ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཞིང་ས་གཤིན་པོ་ཞིག་ཏུ་གྱུར་ཡོད། མིག་སྔར་ཞིང་ར་དེས་ཆར་གཡོལ་གྱི་འགྱིག་ཤོག་དྲོད་ཁང་དང་། མཛོད་ཁང་། ཕག་ཚང་། གཟན་ཆས་ལས་སྣོན་ཁང་། རྫབ་རྫིང་། གསོ་སྦྱོང་སློབ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཡོད་པ་དང་གཟན་རྩྭ་རིགས་12དང་སྔོ་ཚལ་རིགས་40ལྷག་ཙམ་བཏབ་ཡོད། རྣམ་གྲངས་དེ་ས་མོ་ཡ་ཞིང་ལས་སྡེ་ཚན་གྱིས་ལོ་འཁོར་གསོ་སྦྱོང་འཆར་གཞིའི་ནང་བཅུག་ཡོད་པ་དང་མི་གྲངས་500གསོ་སྦྱོང་བྱས་ཡོད།

        ས་གནས་དེ་གའི་དུས་ཚོད་ཚེས་11ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་གྱིས་ཉི་མ་ཚ་པོའི་འོག་ཏུ་དེར་ཕེབས་ནས་ལས་གྲྭའི་འཕེལ་ཚུལ་ཤེས་རྟོགས་དང་ཀྲུང་སའི་ལས་མིར་གཟིགས་གནང་བ་རེད།

        སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཞིང་ཁའི་ནང་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་ཀྲུང་སའི་ལས་མི་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་ཐོག་ནས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་བསུས་ཤིང་། ས་གནས་དེ་གའི་ཞིང་པའི་འཐུས་མིས་ཅ་ཆིང་ལིན་ལ་ལྟ་ན་སྡུག་པའི་མེ་ཏོག་གི་ཕྲེང་བ་བསྒྲོན་པ་རེད། ས་མོ་ཡའི་སྲིད་བློན་ཐུའུ་དབྱི་ལ་ཨའེ་ཕ་དང་ཀྲུང་གོ་ཕྱོགས་ཀྱི་ཞིང་རའི་འགན་འཁུར་བའི་ཕེབས་རོགས་འོག་ཅ་ཆིང་ལིན་གྱིས་ཞིང་རར་གཟིགས་ཞིབ་གནང་བ་རེད། རླངས་འཁོར་ནས་བབས་གནང་རྗེས་ཉི་མས་འཚིག་ནས་ངོ་གདོང་ནག་པོར་གྱུར་པའི་འགན་འཁུར་བ་གཟིགས་སྐབས་ཅ་ཆིང་ལིན་གྱིས་ལམ་སེང་ཕྱག་བཏང་གནང་ནས “ཁྱེད་སྐུ་ལས་ཁག་སོང་”ཞེས་གསུངས།

        ཅ་ཆིང་ལིན་གྱིས་ཐུགས་ཁུར་ཆེན་པོས “ཁྱེད་ཚོ་ཁྱོན་ལས་མི་ག་ཚོད་ཡོད་དམ། ས་གནས་དེ་གའི་ལས་མི་གླས་ཡོད་དམ ”ཞེས་བཀའ་འདྲི་གནང་།

        “ང་ཚོ་རྒྱལ་ནང་ནས་མི་དྲུག་ཡོད་པ་དང་ས་གནས་དེ་ག་ནས་ལས་མི་དྲུག་གླས་ཡོད ”ཅེས་ཞུས།

        སྔོ་ཚལ་འདེབས་ཁུལ་དུ་ཀྲུང་གོ་ཕྱོགས་ཀྱི་འགན་འཁུར་བས་ཅ་ཆིང་ལིན་ལ “འདིར་མ་རྨོས་ལོ་ཏོག་དང་ཞོག་ཁོག་བཏབ་ཡོད། ཕ་གིའི་ཆར་འགོག་དྲོད་ཁང་ནང་ཤིས་ཀྭ་བཏབ་ཡོད ”ཅེས་ངོ་སྤྲོད་ཞུས།

        ཅ་ཆིང་ལིན་གྱིས་ནན་ཏན་ངང་གཟིགས་རྗེས་དབུ་ལྕོག་ལྕོག་གནང་སྟེ “ཧ་ཅང་ཡག་པོ་འདུག ང་ཚོས་སྔོ་ཚལ་མང་པོ་དེ་འདྲ་བཏབ་པ་དེས་ས་གནས་དེ་གར་དཔེ་སྟོན་གྱི་ནུས་པ་ཡག་པོ་ཐོན་ཐུབ ”ཅེས་བསྔགས་བརྗོད་གནང་བ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱི་ལས་མིར་ས་མོ་ཡའི་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་དང་། ཞིང་ལས་ཀྱི་ལག་རྩལ་ཆུ་ཚད་མཐོར་གཏོང་། ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་སྔར་ལས་ལྷག་པའི་ལེགས་སྐྱེས་འབུལ་དགོས་ཞེས་སྐུལ་ལྕག་གནང་བ་རེད།

        ཅ་ཆིང་ལིན་གྱིས་གསོ་སྦྱོང་སློབ་ཁང་དུ་ཕེབས་ནས་ས་གནས་དེ་གའི་ཞིང་པར་གསོ་སྦྱོང་བྱེད་བཞིན་པའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

        དེ་རྗེས་ཅ་ཆིང་ལིན་གྱིས་ཐུའུ་དབྱི་ལ་ཨའེ་ཕ་དང་ལྷན་དུ་དཔེ་སྟོན་ཐབ་ཚང་གི་རྫབ་ཐབ་ཀྱི་མེ་སྤར་གནང་བ་དང་འབྲེལ་ཞིང་རའི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་གནང་བ་རེད། ཅ་ཆིང་ལིན་གྱིས་ཐུའུ་དབྱི་ལ་ཨའེ་ཕ་ལ་ཆེད་གཏོང་གནམ་གྲུའི་ནང་བསྣམས་ཕེབས་པའི་མི་དམངས་ཤོག་སྒོར་ཁྲི་100རི་བའི་སོན་དང་ཞིང་ལས་ཡོ་བྱད་རྩིས་སྤྲད་གནང་བ་རེད།

        སྟབས་བདེའི་མཛད་སྒོ་མཇུག་འགྲིལ་རྗེས་ཅ་ཆིང་ལིན་གྱིས་ཀྲུང་སའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་ཞིང་། ཁོང་གིས་ས་མོ་ཡ་ནི་ཐོག་མཐའ་བར་གསུམ་དུ་ལྷོ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་གྱི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་རེད། ཀྲུང་ས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཧ་ཅང་ཟབ་མོ་ཡོད་ཅེས་མཛུབ་སྟོན་གནང་བ་དང་། ཅ་ཆིང་ལིན་གྱིས་ཀྲུང་གོར “གཉེན་ཉེའི་འབྲེལ་བ་ག་ཚོད་མང་ན་དེ་རྩིས་ཉེ་རུ་འགྲོ ”ཟེར་བའི་ཁ་རྒྱུན་ཞིག་ཡོད། “ང་ད་རེས་འཚམས་འདྲིར་བཅར་བ་དེ་གཉེན་ཉེ་དང་འབྲེལ་བ་བྱས་པ་ཞིག་ཡིན། ངས་ཀྲུང་གོའི་མི་དམངས་དུང་ཕྱུར་13གྱིས་ས་མོ་ཡའི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད ”ཅེས་གསུངས་པར་ས་གནས་དེ་གར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

        ཅ་ཆིང་ལིན་གྱིས་ཀྲུང་གོ་ཕྱོགས་ནས་ས་མོ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་རང་ནུས་གང་ལྕོགས་འདོན་རྒྱུ་བྱུང་བར་དགའ་པོ་བྱུང་ཞེས་གསུངས་པ་དང་། ཁོང་གིས “ང་ཚོས་ས་མོ་ཡ་སྲིད་གཞུང་གི་ཞིང་ལས་དང་སློབ་གསོ་གོང་འཕེལ་གཏོང་རྒྱུ་དང་ དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་སྟོང་གི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱ་རྒྱུར་མུ་མཐུད་རོགས་རམ་གང་ཐུབ་བྱ་རྒྱུ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་སའི་འབྲེལ་བ་དེ་སྔར་བས་དམ་དུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་ལ་གཡུར་ཟའི་འབྲས་བུ་བཏགས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་ལས་ལྷག་པའི་ཕན་པ་བསྐྲུན་ཐུབ་པ་ང་ལ་ཡིད་ཆེས་ཡོད ”ཅེས་གསུངས་པར་དེ་གར་ཡོད་པའི་སྲིད་བློན་ཐུའུ་དབྱི་ལ་ཨའེ་ཕ་ཤིན་ཏུ་མོས་པོ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།