མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་ཟླ་4 ཚེས་11 ཉིན་གློག་འཕྲིན་འབྱོར་གསལ། ཚེས་11 ཉིན་གྱི་ཆུ་ཚོད་17 དང་སྐར་མ་16 ཐོག་རི་པིན་གྱི་ཕུའུ་ཏའོ་རྫོང་དུ་ས་ཡོམ་རིམ་པ་7.0 བརྒྱབ་ནས་མི་1 རྐྱེན་ལམ་དུ་ཤོར་བ་རེད། ས་ཡོམ་བརྒྱབ་རྗེས་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་འཕྲུལ་ཚན་ཁག་གི་ཕྱི་ངོས་ཀྱི་གློག་ཁུངས་ཆད་ནས་ཆུ་བླུགས་མཚམས་སྐར་མ་50 ཆད་པ་དང་འཕྲུལ་ཚན་དང་པོའི་ཏན་རླུང་བླུགས་མཚམས་ཆད་པ་རེད། ཉིན་དེའི་ཆུ་ཚོད་14 དང་སྐར་མ་46 ཐོག་རི་པིན་གྱི་རྒྱལ་ཡོངས་ཁག་གི་མི་དམངས་ཚོས་གཅིག་རྗེས་གཉིས་མཐུད་ངང་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། རི་པིན་ཉེན་རྟོག་ཐིང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ཚེས་11ཉིན་གྱི་ཆུ་ཚོད་19 བར་ས་ཡོམ་དང་མཚོ་ཡོམ་གྱི་གནོད་འཚེ་ལས་མི་13130 རྐྱེན་ལམ་དུ་ཤོར་བ་དང་མི་13718 གར་སོང་ཆ་མེད་དུ་གྱུར་ཡོད།
ཚེས་11 ཉིན་རི་པིན་དཔོན་རིགས་ཀྱི་དཔོན་པོ་ཀྲེ་ཡེ་ཤིན་ནན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག 《རྡུལ་ཕྲན་ནུས་པའི་གནོད་འཚེར་ཁ་གཏད་གཅོག་པའི་དམིགས་བསལ་བྱེད་ཐབས་ཀྱི་བཅའ་ཁྲིམས 》ལ་གཞིགས་ནས་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་མཐའ་འཁོར་གྱི་སྤྱི་ལེ་20 ཡི་ཁ་འགྲེམ་ཁུལ་ཕྱི་རོལ་གྱི་རིམ་རྩིས་འགྱེད་འཕྲོའི་ཚད་གཞི་ཅུང་མཐོ་བའི་ས་ཁུལ “འཆར་གཞིའི་རང་བཞིན་གྱི་ཁ་འགྲེམ་ཁུལ ”དུ་གཏན་འཁེལ་བྱ་རྩིས་ཡོད་པ་དང་ཁ་འགྲེམ་ཡུལ་ས་ཁོངས་ནང་གི་ཡུལ་མི་གཏན་འཁེལ་བཟོས་པའི་ཉིན་ནས་བཟུང་ཟླ་བ་གཅིག་གི་རྗེས་སུ་ཁ་འགྲེམ་བྱེད་འགོ་ཚུགས་རྒྱུ་རེད། རི་པིན་སྲིད་གཞུང་གིས་ཁ་འགྲེམ་ཡུལ་ས་ཁུལ་གཏན་འཁེལ་བྱེད་སྐབས་རྒྱལ་སྤྱིའི་འགྱེད་འཕྲོའི་འགོག་སྲུང་ཨུ་ཡོན་ལྷན་ཁང་གི (ICRP)དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ཚད་གཞིར་དཔྱད་གཞི་བྱ་རྒྱུ་རེད། ཉིང་རྡུལ་གློག་ཁང་གི་མཐའ་འཁོར་དུ་ལྟ་ཞིབ་ཚད་ལེན་བྱས་པ་གཞིར་བཟུང་ལས་འཛོལ་ཐོན་པ་ནས་ལོ་གཅིག་གི་ནང་འགྱེད་འཕྲོའི་ཚད་གཞི་དེ་ཝེ་ཤིས་20 སླེབས་སྲིད་པའི་ས་ཁུལ་གནས་གཏན་འཁེལ་གྱི་ཁ་འགྲེམ་ཡུལ་ས་ཁོངས་ནང་འཇུག་རྒྱུ་རེད། རླུང་ཕྱོགས་སོགས་གནམ་གཤིས་ཆ་རྐྱེན་དང་ས་གཤིས་ཆ་རྐྱེན་གྱི་ཤུགས་རྐྱེན་ཕོག་པ་ལས་ཁ་འགྲེམ་ཁུལ་ཕུད་པའི་ས་ཁུལ་ཁག་གཅིག་ཏུའང་རིམ་རྩིས་འགྱེད་འཕྲོའི་ཚད་གཞི་ཅུང་མཐོ་བའི་གནས་ཚུལ་ཐོན་སྲིད། རི་པིན་སྲིད་གཞུང་གིས་ཕུའུ་ཏའོ་རྫོང་དང་འབྲེལ་ཡོད་ས་གནས་སྲིད་གཞུང་གི་མོས་མཐུན་བྱུང་རྗེས “འཆར་གཞིའི་རང་བཞིན་གྱི་ཁ་འགྲེམ་ཁུལ ”གཏན་འཁེལ་བྱ་རྒྱུ་དང་ཆབས་ཅིག་ས་གནས་སྲིད་གཞུང་དང་གྲོས་མོལ་བྱེད་གང་ཐུབ་བྱས་ཏེ་སྒྲིག་བཀོད་བསྡུ་ལེན་འགན་ལེན་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་གནང་བ་རེད།
ཀྲེ་ཡེ་ཤིན་ནན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག “ཁ་འགྲེམ་ཡུལ་ས་ཁོངས་སུ་ལོ་ཕྱེད་ཡན་རྒྱུན་མཐུད་ངང་བསྡད་ཚེ་རིམ་རྩིས་འགྱེད་འཕྲོའི་ཚད་གཞི་མཐོ་ཙམ་སླེབས་སྲིད་ཀྱང་མིག་སྔར་འཕྲལ་མར་ཉེན་གཡོལ་བྱེད་དགོས་དོན་མེད ”ཅེས་ནན་བཤད་གནང་བ་དང་རི་པིན་སྲིད་གཞུང་གིས་དེ་དང་ཆབས་ཅིག་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་མཐའ་འཁོར་གྱི་སྤྱི་ལེ་20 ནས་30 བར་གྱི་ནང་ཁུལ་དུ “འཆར་གཞིའི་རང་བཞིན་གྱི་ཁ་འགྲེམ་ཁུལ ”གཏན་འཁེལ་བྱས་མེད་པའི་ས་ཁུལ “ཛ་དྲག་སྐབས་ཀྱི་ཁ་འགྲེམ་གྲ་སྒྲིག་ཁུལ ”དུ་གཏན་འཁེལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས་ཡུལ་མི་ཚོར་ཛ་དྲག་སྐབས་ཁང་པའི་ནང་འཛུལ་བའམ་ཡང་ན་ཁ་འགྲེམ་རྒྱུའི་གྲ་སྒྲིག་བྱེད་དགོས་པའི་རེ་བ་བཏོན་པ་རེད།