མི་དམངས་ཉིན་རེའི་ཚགས་པར་ཁང་དུ་རི་པིན་མིང་ཀུའུ་ཝུའུ་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་རི་པིན་རིག་གནས་ཚན་རིག་ཐིང་གིས་བྱང་ཤར་དང་ཀོན་ཏུང་ས་ཁུལ་གྱི་འགྱེད་འཕྲོའི་ཚད་གཞི་ཆེ་ཤོས་སྐོར་གྱི་ལྟ་ཞིབ་ཚད་ལེན་མཐའ་འབྲས་གསར་ཤོས་ལས་མཚོན་པར་གཞིགས་ན། ས་ཡོམ་གོང་གི་ཚད་གཞི་ལས་བརྒལ་བའི་ཀུང་ཁྲེང་དང་ཚེ་ཁྲེང་དང་དེ་བཞིན་ལི་མུའུ་སོགས་རྫོང་དུ་འགྱེད་འཕྲོའི་ཚད་གཞི་ཆུང་དུ་སོང་བ་དང་ཆུན་མ་རྫོང་དུ་ས་ཡོམ་མ་བརྒྱབ་གོང་གི་ཚད་གཞིའི་བར་ཆག་ཡོད་པ་རེད། མཐའ་འབྲས་དེ་ནི་ཚེས་9ཉིན་གྱི་ཆུ་ཚོད་17ནས་ཚེས་10ཉིན་གྱི་ཆུ་ཚོད་9པའི་བར་གྱི་འགྱེད་འཕྲོའི་ཚད་གཞིར་ལྟ་ཞིབ་ཚད་ལེན་བྱས་པ་ལས་བྱུང་བ་ཞིག་རེད། ཀུང་ཁྲེང་གི་འགྱེད་འཕྲོའི་ཚད་གཞི་ནི་ཚེས་9ཉིན་གྱི་ཆུ་ཚོད་རེར་ཝུའེ་ཤིས་0.088ནས་ཝུའེ་ཤིས་0.084བར་ཆག་པ་དང་། ཚེ་ཁྲེང་དུ་ཝུའེ་ཤིས་0.153བར་ཆག་པ། ལི་མུའུ་རུ་ཝུའེ་ཤིས་0.075བར་ཆག་པ། ཆུན་མ་རུ་ཝུའེ་ཤིས་0.043བར་ཆག་པ་དེ་ས་ཡོམ་མ་བརྒྱབ་གོང་གི་ཚད་གཞི་མཐོ་ཤོས་ཡིན་པའི་ཝུའེ་ཤིས་0.045ཡི་ཚད་གཞི་ལས་དམའ་བ་ཡོད་པ་བཅས་རེད། ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་ནུབ་བྱང་ཕྱོགས་ཀྱི་བར་ཐག་སྨི་30ཙམ་ཡོད་པའི་ཕུའུ་ཏའོ་རྫོང་ལང་ཅང་ཏིང་གི་ཉེ་འགྲམ་དུ་ཚེས་10ཉིན་གྱི་ཆུ་ཚོད་10དང་སྐར་མ་38ཐོག་ལྟ་ཞིབ་ཚད་ལེན་བྱས་པའི་འགྱེད་འཕྲོའི་ཚད་གཞི་ནི་ཝུའེ་ཤིས་25.2ཡིན་པ་དང་བྲང་ཁོག་ལ་Xའོད་འཕྲོའི་ཞིབ་བཤེར་བྱས་པ་ལས་འགྱེད་འཕྲོ་ཕོག་ཚད་ཝུའེ་ཤིས་50ཡིན་པ་ཤེས་རྟོགས་བྱུང་བ་རེད།
ཚེས་10ཉིན་གྱི་སྔ་དྲོ་ཏུང་ཅིང་གློག་ཤུགས་ཀུང་སིས་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་འཕྲུལ་ཙུའུ་གཉིས་པའི་རླངས་སྒུལ་འཕྲུལ་འཁོར་བཟོ་གྲྭའི་ཉེ་འགྲམ་གྱི་ཐད་ཁྲོན་ནང་གསོག་འཇོག་བྱས་པའི་འཕྲོ་བའི་རང་བཞིན་ཆེ་བའི་བཙོག་ཆུ་ནི་བཟོ་གྲྭ་དེ་གའི་ནང་གི་གྲང་བཟོའི་ཡོ་བྱད་ནང་གཞན་སྒྱུར་བྱ་རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས་པ་མ་ཟད་ཉིན་དེ་རང་གི་ཕྱི་དྲོར་ལས་ཀ་དེ་བྱེད་འགོ་ཚུགས་རྒྱུའི་འཆར་གཞིའང་ཡོད་ཅིང་། ཏུང་ཅིང་གློག་ཤུགས་ཀུང་སིས་འཕྲུལ་ཙུའུ་དང་པོ་དང་གསུམ་པའི་རླངས་སྒུལ་འཕྲུལ་འཁོར་གྱི་བཟོ་གྲྭའི་ཕྱི་ནང་དུ་ཚོད་དཔག་བྱས་ན་ཏུན་ཁྲི་6ཙམ་ཡོད་པའི་འཕྲོ་བའི་རང་བཞིན་ཆེ་བའི་བཙོག་ཆུ་ཡོད་པ་ཤེས་རྟོགས་བྱུང་ཡོད། བཙོག་ཆུ་དེས་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཀྱི་གྲང་བཟོའི་ནུས་པ་སླར་གསོ་ཡོང་རྒྱུ་དང་ལས་སྒྲུབ་བྱ་རྒྱུར་འགོག་རྐྱེན་བཟོ་གི་ཡོད་པར་བརྟེན་དེང་སྐབས་ཀྱི་དཀའ་གནད་ནི་ཇི་ལྟར་བྱས་ནས་བཙོག་ཆུ་གང་མགྱོགས་གཞན་སྒྱུར་བྱ་རྒྱུ་དེ་རེད། ཚེས་9ཉིན་གྱི་ཕྱི་དྲོར་རི་པིན་དཔལ་འབྱོར་ཐོན་ལས་ཀྱི་བློན་ཆེན་ཧའེ་ཅང་ཐེན་དབན་ལི་ཡིས་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོར་གཟིགས་ཞིབ་གནང་བར་ཕེབས་པ་དང་འབྲེལ་དོན་རྐྱེན་ཐག་གཅོད་བྱེད་མཁན་ཏུང་ཅིང་གློག་ཤུགས་ཀུང་སིའི་ལས་བཟོར་ལྕག་སྐུལ་ཡང་གནང་ཞིང་། དེ་ནི་ཉིང་རྡུལ་གློག་ཁང་དུ་ལས་འཛོལ་ཐོན་རྗེས་ནང་བློན་ཁང་གི་ཁོངས་མི་ས་གནས་དེ་གར་གཟིགས་ཞིབ་གནང་བར་ཕེབས་མཁན་དང་པོ་ཡིན་པ་དང་ཚེས་9ཉིན་གྱི་དགོང་མོར་ཏུང་ཅིང་དུ་ཕྱིར་ལོག་གནང་རྗེས་ཧའེ་ཅང་ཐེན་གྱིས “ཇི་ལྟར་བྱས་ནས་འཕྲུལ་ཙུའུ་གཉིས་པ་སོགས་ཀྱི་འཕྲོ་བའི་རང་བཞིན་ཆེ་བའི་བཙོག་ཆུ་རྒྱ་མཚོའི་ནང་རྒྱུག་རྒྱུ་འགོག་ཐབས་བྱས་ནས་བཙོག་ཆུ་དེ་གང་མགྱོགས་ཉིང་རྡུལ་གློག་ཁང་ནང་གི་སྒྲིག་ཆས་ནང་གཞན་སྒྱུར་བྱ་རྒྱུ་དེ་གནད་དོན་གལ་ཆེ་ཤོས་ཤིག་རེད ”ཅེས་གསུངས་པ་རེད།