མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་30ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་ཨ་རི་དང་ཀྲུང་གོའི་དཔལ་འབྱོར་དང་བདེ་འཇགས་ཚོད་སྐོར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་སྐོར་གྱི་ཞིབ་འཇུག་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་རྗེས་འཛམ་གླིང་རྒྱལ་ཁབ་གཞན་གྱིས་ཐད་ཀའི་མ་འཇོག་ཁྱོན་ཡོངས་ནས་ཆག་མོད། འོན་ཀྱང་ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་དེ་འཕར་བའི་རྣམ་པ་ཐོན་པ་མ་ཟད། ད་དུང་རྒྱུན་མཐུན་ངང་འཕར་རྒྱུའི་ངོས་འཛིན་བྱས་པ་རེད།
སྙན་ཞུའི་ནང་ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་གི་གཞི་ཁྱོན་དང་རྒྱལ་ཁབ་གཞན་གྱིས་ཀྲུང་གོར་བཏང་བའི་ཐད་ཀའི་མ་འཇོག་གི་གཞི་ཁྱོན་དང་བསྡུར་ན་སྔར་བཞིན་ཆུང་ཙམ་ཡོད་པ་དང་ཤང་ཀང་དང་ཨའོ་མོན་ཚུད་པའི་ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་གིས་འཛམ་གླིང་རྒྱལ་ཁབ་གཞན་གྱི་ཐད་ཀའི་མ་འཇོག་སྤྱིའི་གཞི་ཁྱོན་གྱི་6%ཁོ་ན་ལས་ཟིན་གྱི་མེད་མོད། འོན་ཀྱང་ཀྲུང་གོའི་ཕྱི་ཕྱོགས་ཀུང་སིས་རྒྱལ་སྤྱིའི་མ་རྩ་སྐོང་འཐེན་དང་ཁྱབ་ཁོངས་གང་སར་མ་འཇོག་བྱ་རྒྱུ་དེ་ཉིན་རེ་བཞིན་འཁྲུག་ཏུ་ཕྱིན་ཡོད། ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་དེ་རང་བྱུང་ཐོན་ཁུངས་དང་། བཟོ་སྐྲུན། འཕྲིན་གཏོང་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པས་2009ལོའི་ལོ་མཇུག་ལ་མ་དངུལ་ཁྱོན་ཨ་སྒོར་དུང་ཕྱུར་2457.5བཏང་ཡོད། ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་མགྱོགས་མྱུར་འཕར་བ་དེས “ཀྲུང་གོའི་དཔལ་འབྱོར་ལ་འབྲས་བུ་སྨིན་ཚད་དང་འཛམ་གླིང་ཁྲོམ་ར་དང་མཐུད་འབྲེལ་བྱེད་ཤུགས་མཚོན་པ་མ་ཟད། ཕྱི་ཕྱོགས་སུ་རྒྱ་བསྐྱེད་བྱེད་པའི་དགོས་མཁོ་ཡང་མཚོན་ཡོད ”ཅེས་བསྟན་ཡོད།
སྙན་ཞུའི་ནང་མིག་སྔར་ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་ཐད་ཁྱད་ཆོས་ཆེན་པོ་གཉིས་མངོན་པ་སྟེ། གཅིག་ནི་ས་ཁུལ་ཁྱབ་རྒྱ་ཆེ་བ་དང་མ་འཇོག་གི་གྲངས་འབོར་ཉུང་བ་དཔེར་ན། 2009ལོར་ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་དེ་རྒྱལ་ཁབ་དང་ས་ཁུལ་177ལ་ཁྱབ་པའི་ནང་དངུལ་འབོར་མང་ཆེ་བ་ཨ་སྒོར་ཁྲི་1000ལས་ཉུང་བ་ཡོད་པ་དང་གཉིས་ནི་མ་འཇོག་ཕལ་ཆེ་བ་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་བཏང་བ་དང་འབྲེལ་ཉིན་རེ་བཞིན་མཉམ་ཉོའི་བྱེད་ཐབས་སུ་ཕྱོགས་བཞིན་ཡོད་པ་བསྟན་པ་རེད།
དེ་ཉིན་ཨ་རི་དང་ཀྲུང་གོའི་དཔལ་འབྱོར་དང་བདེ་འཇགས་ཚོད་སྐོར་ཨུ་ཡོན་ལྷན་ཁང་གིས “ཀྲུང་གོའི་གཞུང་ཁོངས་ཁེ་ལས་དང་ཨ་རི་དང་ཀྲུང་གོའི་ཕྱོགས་གཉིས་པོའི་མ་འཇོག ”གི་ཁུངས་སྐྱེལ་དག་འབུད་ཉན་འཇོག་ཚོགས་འདུ་འཚོགས་པ་དང་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་དང་དེ་བཞིན་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་ཁུངས་སྐྱེལ་དག་འབུད་ཚོགས་འདུར་ཞུགས་ཡོད་པ་རེད།