ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཨུ་རུ་སུའི་ས་ངོས་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་ནས “ཅ་ཅ་ལིན ”ཞེས་མིང་བཏགས་པའི་ཨུ་རུ་སུའི “མནའ་འབྲེལ་TMA-21”མི་བཞུགས་འཕུར་གྲུ་དེ་མོ་སི་ཁོའི་དུས་ཚོད་ཚེས་7ཉིན་གྱི་ཆུ་ཚོད་གསུམ་དང་སྐར་མ་དགུ (པེ་ཅིང་གི་དུས་ཚོད་ཚེས་7ཉིན་གྱི་ཆུ་ཚོད་བདུན་དང་སྐར་མ་དགུ )ཡི་ཐོག་རྒྱལ་སྤྱིའི་བར་སྣང་ས་ཚིགས་དང་གྲུབ་འབྲས་ཐོབ་པའི་ངང་སྦྲེལ་མཐུད་ཐུབ་ཡོད་ཅེས་འཁོད་ཡོད་པ་རེད།
“མནའ་འབྲེལ་TMA-21”ཞེས་པའི་མི་བཞུགས་འཕུར་གྲུ་སྐྱེལ་འདྲེན་བྱེད་མཁན་ཨུ་རུ་སུའི “མནའ་འབྲེལ —FC”རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་མོ་སི་ཁོའི་དུས་ཚོད་ཚེས་5ཉིན་གྱི་ཆུ་ཚོད་གཉིས་དང་སྐར་མ་བཅོ་བརྒྱད (པེ་ཅིང་དུས་ཚོད་ཚེས་5ཉིན་གྱི་ཆུ་ཚོད་དྲུག་དང་སྐར་མ་བཅོ་བརྒྱད )ཐོག་ཧ་སག་ཁེ་སི་ཐན་ས་ཁོངས་ནང་གི་པའེ་ཁོ་ནུའུ་འར་འཕེན་གཏོང་ས་ཚིགས་ནས་བར་སྣང་དུ་འཕེན་གཏོང་བྱས་པ་རེད། འཕུར་གྲུའི་གྲུ་ཚང་ནང་གི་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་ཡ་ལི་ཧྲན་ཏ ·ས་མོ་ཁུའུ་ཅ་ཡེ་ཕུའུ་ཡིས་འཕུར་གྲུའི་བཀའ་གཏོང་བའི་འགན་འཁུར་བ་དང་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་ཨན་ཏེ་ལེ ·པའོ་ལི་ཞན་ཁོ་དང་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ལོའུ་ཨེན ·ཅ་ལན་གྱིས་འཕུར་གྲུའི་བཟོ་བཀོད་པའི་འགན་འཁུར་ཡོད་པ་རེད།