ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་4 ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ཁོ་ཐེ་ཏི་ཝའི་དུས་བབ་ཐད་གཏམ་བཤད་སྤེལ་སྐབས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཡིག་ཨང་ 1975 པར་གཞིགས་ཏེ་ངས་ཁོ་ཐེ་ཏི་ཝར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་བྱ་སྤྱོད་ཚོགས་པར་ཁོ་ཐེ་ཏི་ཝའི་ཙུང་ཐུང་ཟུར་པ་པ་པོ་དང་དེའི་དཔུང་སྡེར་དམག་དོན་བྱ་སྤྱོད་སྤེལ་རྒྱུའི་བཀའ་བཏང་ཡོད་ཅེས་གསུངས་ཤིང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམག་དོན་བྱ་སྤྱོད་སྤེལ་བའི་དམིགས་ཡུལ་ནི “རང་སྲུང་དང་མི་སེར་སྲུང་སྐྱོབ་བྱེད་པའི ”ཆེད་དུ་ཡིན་ཞེས་ནན་བཤད་གནང་བ་རེད།
གསལ་བསྒྲགས་སྤེལ་བའི་ནང་ཕན་ཅི་ཝུན་གྱིས་མིག་སྔའི་ཁོ་ཐེ་ཏི་ཝའི་དུས་བབ་ལ་སེམས་ཁྲལ་ཆེན་པོ་ཡོང་གི་འདུག་ཅེས་འཁོད་ཡོད་ཅིང་། ཁོང་གིས་ཉིན་ཤས་བསྟུད་མར་ཁོ་ཐེ་ཏི་ཝའི་བདེ་འཇགས་དུས་བབ་ཇེ་སྡུག་ཏུ་སོང་ནས་ཝ་ཐ་ལ་དང་པ་པོ་གཉིས་ཀར་བློ་དཀར་སེམས་དཀར་བྱེད་མཁན་དཔུང་སྡེས་དྲག་ཆས་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་སོང་སྟེ་མི་སེར་མང་པོ་ཞིག་ལ་ཤི་རྨས་བྱུང་ཡོད། ད་དུང་པ་པོར་བློ་དཀར་སེམས་དཀར་བྱེད་མཁན་དཔུང་སྡེས་མི་སེར་དང་ཁོ་ཐེ་ཏི་ཝར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་སྤྱོད་ཚོགས་པ་སྡོད་སར་མེ་སྒྱོགས་ཕའེ་ཅི་ཕའོ་དང་། མེ་ཤུགས་འཕུར་མདའ། མེ་མདའ་སྦག་སྦག་སོགས་མཚོན་ཆ་ཆེ་རིགས་སྤྱད་མ་ཟད་མི་སེར་སྲུང་སྐྱོབ་བྱེད་མཁན་ཁོ་ཐེ་ཏི་ཝར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་སྤྱོད་ཚོགས་པའི་སྐོར་ཞིབ་རུ་ཁག་དང་རྨས་མ་དབོར་མཁན་རླངས་འཁོར་ལའང་འཇབ་རྒོལ་བྱས་པས་ཞི་སྲུང་མི་སྣ་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་ཅེས་གསུངས་པ་རེད། ཕན་ཅི་ཝུན་གྱིས་ཟླ་3 ཚེས་30 ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ཡིག་ཨང་1975པར་གཞིགས་ནས་ཁོ་ཐེ་ཏི་ཝར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་སྤྱོད་ཚོགས་པར “དགོས་ངེས་ཀྱི་བྱ་སྤྱོད་སྤེལ་ནས ”མི་སེར་ལ་མཚོན་ཆ་ཆེ་རིགས་ཀྱི་འཇབ་རྒོལ་མི་ཕོག་པ་བྱ་རྒྱུ་དང་སྦྲགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཡིག་ཨང་ 1962པའི་གཏན་འབེབས་ལྟར་ཧྥ་རན་སེའི་དཔུང་སྡེར་རོགས་རམ་ཐོབ་རེ་ཞུ་རྒྱུའི་བཀའ་བཏང་ཡོད་ཅེས་གསུངས་པ་རེད།
ཕན་ཅི་ཝུན་གྱིས་ཁོ་ཐེ་ཏི་ཝར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་སྤྱོད་ཚོགས་པའི་དམག་དོན་བྱ་སྤྱོད་དེ་ཡུལ་དེའི་དུས་ཚོད་ཀྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ནས་སྤེལ་འགོ་ཚུགས་པ་དང་དེའི་ཐད་ངས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བརྡ་ཐོ་བཏང་བ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ལེ་ལུའོ་དབྱི་ཡིས་ཡུད་ཙམ་སོང་རྗེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བྱ་སྤྱོད་སྤེལ་ཚུལ་སྙན་སེང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཕན་ཅི་ཝུན་གྱིས་ཁོ་ཐེ་ཏི་ཝར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་སྤྱོད་ཚོགས་པ་ནི “འགལ་བ་སློང་མཁན་ཞིག་མ་ཡིན་པ ”དང་བྱ་སྤྱོད་སྤེལ་བའི་དམིགས་ཡུལ་ནི “རང་སྲུང་དང་མི་སེར་སྲུང་སྐྱོབ ”བྱེད་པའི་ཆེད་དུ་ཡིན་པས་བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་སྤྲོད་ཁྱབ་ཁོངས་ནང་ཡིན་ཞེས་ནན་བཤད་གནང་བ་རེད།