ཤིན་ཧྭ་གསར་འགྱུར་ཁང་ནེ་རོ་པི་ནས་ཟླ་4ཚེས་2ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཁེན་ནི་ཡར་འཚམས་འདྲི་གནང་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་ཆའོ་སེ་ཐེ ·ཞི་ལན་གྱིས་ཚེས་2ཉིན་ནེ་རོ་པི་རུ་ཨ་ཧྥེ་རི་ཁའི་མཐའ་ཟུར་ས་ཁུལ་དུ་དུས་ཡུན་རིང་པོར་ཐན་པ་བྱུང་བར་བརྟེན་ས་ཆ་དེ་གའི་འབྲུ་རིགས་དང་དེ་བཞིན་བུད་ཤིང་གི་རིན་གོང་འཕར་དྲགས་པ་དང་མིག་སྔར་ས་ཁུལ་དེ་གར་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་བསྡོམས་འབོར་དེ་ཁྲི་500ལས་བརྒལ་ཡོད་ཅེས་བསྟན་པ་རེད།
ཉིན་དེར་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཞི་ལན་གྱིས་ཨ་ཧྥེ་རི་ཁའི་མཐའ་ཟུར་ས་ཁུལ་གྱི་བཀྲེས་ལྟོགས་ཀྱི་མནར་བའི་མི་གྲངས་དེ་ཉེ་བའི་སྐབས་ཤིག་རིང་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་བ་དང་ན་ནིང་གི་ཟླ་10པ་ནས་ཟླ་12པའི་བར་ཆར་པ་འབབ་ཚད་ཉུང་བའི་ཤུགས་རྐྱེན་ཐེབས་པར་བརྟེན་ས་ཁུལ་དེ་གར་གསར་དུ་འཕར་བའི་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་ཁྲི་140ལོན་པ་རེད། མིག་སྔར་སྔོན་དཔག་བྱས་ན་འབྲུ་རིགས་འཆར་གཞི་ཧྲུའུ་ཡིས་ས་ཁུལ་དེར་སྤྲད་པའི་རོགས་སྐྱོར་དངོས་པོས་ས་ཆ་དེའི་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་ཀྱི་44%ལ་ཁྱབ་ཐུབ་རྒྱུ་ཡིན་པ་དང་སླད་ཕྱིན་འབྲུ་རིགས་འཆར་གཞི་ཧྲུའུ་ཡིས་ས་ཆ་དེའི་མང་ཚོགས་དཀྱུས་མར་འབྲུ་རིགས་འདང་ངེས་ཀྱི་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
མུ་གེ་ནི་ཨ་ཧྥེ་རི་ཁར་འཕྲད་པའི་གནད་དོན་ཚབས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་དང་ཆ་སྙོམས་མི་3གྱི་ཁྲོད་མི་1ལ་འཚོ་བཅུད་འདང་གི་མེད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་བྱིས་པ་ཐེབས་རྩ་ཚོགས་པས་དེ་སྔོན་ལོ་ན་5མན་གྱི་ཨ་ཧྥེ་རི་ཁའི་བྱིས་པའི་ཁྲོད་ཀྱི་བྱིས་པ་38%ཀྱི་གཟུགས་པོ་ཆུང་དྲགས་པ་དང་28%ཀྱི་གཟུགས་པོའི་ལྗིད་ཚད་ཡང་དྲགས་པ་རེད་ཅེས་བསྟན་མྱོང་བ་རེད།