མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཨེ་ཅིབ་ཏུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ་ཧོང་ཕའེ་ཀྲའོ་དང་། དབྱི་ཐ་ལི་དུ་བཅའ་སྡོད་གསར་འགོད་པ་ཁྲིའི་ཁེ་ཏུང་། པི་ལི་ཧྲིར་བཅའ་སྡོད་གསར་འགོད་པ་སུན་ཐན་རེན་བཅས་ཀྱིས་སྤེལ་བའི་གནས་ཚུལ་ཕྱོགས་བསྡུས། ལི་པི་ཡ་སྲིད་གཞུང་དམག་གིས་ས་གནས་འདི་གའི་དུས་ཚོད་ཚེས་3ཉིན་གྱི་སྔ་དྲོར་རྒྱལ་ཁབ་འདིའི་གྲོང་ཁྱེར་ཆེ་གྲས་གསུམ་པ་སྨི་སུའུ་ལ་ཐར་མེ་སྒྱོགས་གཅིག་སྡུད་ངང་བརྒྱབ་ནས་ཕར་རྒོལ་བྱས་པ་རེད། ངོ་རྒོལ་ཤོག་ཁག་དྲག་དཔུང་གིས་དམག་དོན་གྱི་སྦྱོང་བརྡར་ཐེབས་མྱོང་བའི་མི་ཁ་ཤས་ལྟེ་བའི་ས་རྒྱུད་བརྟན་སྲུང་བྱེད་པར་བཞག་པ་དང་ཆབས་ཅིག་གྲོང་ཁྱེར་དེར་བཀག་སྡོམ་བྱེད་ཚད་ཆུང་དུ་འགྲོ་བཞིན་ཡོད་པ་ཁས་ཀྱང་བླངས་ཡོད་པ་རེད།
ངོ་རྒོལ་ཤོག་ཁག་དྲག་དཔུང་གི་གཡུལ་ས་མདུན་མའི་བཀོད་འདོམས་དཔོན་ཧ་སྨི་ཏེས “སྨི་སུའུ་ལ་ཐའི་དུས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད ”ཅེས་བཤད་ཀྱང་དེ་དང་ཆབས་ཅིག་ཁོང་གིས་ཕུའུ་ལུའེ་ཅའི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཡོད། “བྱང་ཆིངས་མཁའ་དམག་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག་སྲིད་གཞུང་དམག་གི་ཁ་སྣོན་ལམ་ཐིག་དེར་འགོག་རྐྱེན་དང་ཚོད་འཛིན་ཧ་ཅང་ཆེན་པོ་ཕོག་ཡོད ”སྲིད་གཞུང་དམག་སླར་ཡང་སྒྲིག་འཛུགས་བྱས་ཏེ་སྨི་སུའུ་ལ་ཐའི་ཤར་རྒྱུད་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ཚུར་རྒོལ་བྱེད་ཧ་ཅང་དཀའ་བ་ཞིག་ཏུ་གྱུར་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་ནན་བཤད་བྱས་པ་དང་ཚེས་3ཉིན་ངོ་རྒོལ་ཤོག་ཁག་དྲག་དཔུང་གི་བཀོད་འདོམས་དཔོན་གཞན་ཞིག་ཏེ་ཡུའི་ཉི་སིས་ང་ཚོས “གསར་བརྗེའི་དང་བླངས་དམག ”འབོར་ཆེན་ཞིག་ཁ་གསབ་བརྒྱབ་ཡོད་ཅེས་བཤད་པ་རེད།
ཁ་ཐར་གྱི་རྒྱལ་ས་ཏེ་ཧར་དུ་བཙུགས་པའི “རང་དབང་ལི་པི་ཡ ”བཪྙན་འཕྲིན་ལས་ཁུངས་ཀྱི་འགན་འཁུར་བ་ཨ་ཁ་ལིས་ཚེས་3ཉིན་མིག་སྔར་ལི་པི་ཡའི་ངོ་རྒོལ་ཤོག་ཁག་དང་འབྲེལ་བ་དམ་ཟབ་བྱུང་བ་དང་འབྱུང་འགྱུར་ཉིན་རེར་ཆུ་ཚོད་གསུམ་བཏང་བའི་འཕྲིན་སྤེལ་ནང་གཙོ་བོའི་གསར་འགྱུར་མདོར་བསྡུས་དང་གླེང་མོལ་ལེ་ཚན་ཕུད་ད་དུང་ལེ་ཚན་གསར་པ་སྟེ “མཉམ་འབྲེལ་འཐབ་ཕྱོགས་པན་ཅ་ཤིས ”ཞེས་པ་བཙུགས་ཏེ་ངོ་རྒོལ་ཤོག་ཁག་གི་ཆབ་སྲིད་རྩ་འཛིན་རྒྱས་བཤད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ལི་པི་ཡའི་ངོ་རྒོལ་ཤོག་ཁག་གི་གསར་འགྱུར་འབྲེལ་གཏུགས་པས་བཪྙན་འཕྲིན་ལས་ཁུངས་དེས “ལི་པི་ཡའི་མི་དམངས་ཀྱི་སྐད་སྒྲ ”བརྒྱུད་བསྒྲགས་བྱ་རྒྱུ་ཡིན་པས་མཐར་ཐུག་དེ་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ལི་པི ་ཡ་དང་ཨ་རབ་རྒྱལ་ཁབ་གཞན་དག་གི་གསར་འགྱུར་སྤེལ་བའི་བཪྙན་འཕྲིན་ལས་ཁུངས་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི ་ཡོད་ཅེས་བཤད་པ་རེད།
ཨའེ་ཅི་ཏ་པི་ཡེའི་ཉེ་འགྲམ་དུ་སྲུང་དམག་བཀོད་སྒྲིག་བྱེད་མཁན་ངོ་རྒོལ་ཤོག་ཁག་དྲག་དཔུང་གི་མི་སྣ་ཞིག་གིས་ཚེས་3 ཉིན་དངོས་གཞིའི་དམག་དོན་གྱི་སྦྱོང་བརྡར་བྱས་ཉུང་བས་ངོ་རྒོལ་ཤོག་ཁག་དྲག་དཔུང་གི་དམག་འཐབ་ནུས་པ་དམག་ས་ཆ་ཤས་སུ་མི་འདང་བ་མངོན་གསལ་དོད་པོ་ཡོད། ཨ་རིའི་དམག་དོན་རྩལ་སློབ་དཔོན་ཨེ་ཅིབ་བརྒྱུད་སྐམ་ས་ནས་ལི་པི་ཡའི་ས་ཁོངས་ནང་འཛུལ་ཏེ་དྲག་དཔུང་མི་སྣར་མཚོན་ཆ་བེད་སྤྱོད་གཏོང་སྟངས་དུས་ཐུང་མཛུབ་ཁྲིད་བྱ་རྒྱུ་རེད་ཅེས་བཤད་པ་རེད།
ཚེས་2ཉིན་དབྱི་ཐ་ལིའི་གྲོང་ཁྱེར་མང་པོ་ཞིག་ཏུ་རྣམ་པ་མི་འདྲ་བའི “དམངས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ཉིན་མོ ”ཞེས་པའི་ཁྲོམ་སྐོར་འདུ་འཛོམས་བྱེད་སྒོ་སྤེལ་ཞིང་དམངས་ཁྲོད་རྩ་འཛུགས་ཀྱིས་ཛ་དྲག་གནས་ཚུལ་ཞེས་པའི་བྱེད་སྒོ་སྤེལ་བ་མ་ཟད་སྒྲིག་འཛུགས་བྱས་པའི་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་དེ་གོང་ཚེས་ཉིན་གྱི་ཕྱི་དྲོར་གྲོང་ཁྱེར་རོ་མའི་ལྟེ་བའི་ན་ཨའོ་ན་ཐང་ཆེན་དུ་སྤེལ་བ་དང་ས་གནས་དེ་གའི་མང་ཚོགས་སྟོང་ཕྲག་ཁ་ཤས་ཞུགས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལི་པི་ཡར་དམག་དོན་རྡུང་རྡེག་བཏང་བར་ངོ་རྒོལ་བྱས་པ་རེད། སྐབས་དེར་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན་ཉིན་དེ་རང་དུ་སྨི་ལན་དང་། ཏུའུ་ལིང་། པོ་ལུའོ་ཉི་ཡ། ན་པུའོ་ལེ་སི་བཅས་དང་དེ་བཞིན་ཤིས་ཤིས་ལི་སོགས་ས་ཁུལ་གྱི་མཁའ་དམག་རྟེན་གཞིའི་ཉེ་འགྲམ་དུ་རྣམ་པ་མི་འདྲ་བའི་སྒོ་ནས་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་བྱས་ཏེ་མི་རྣམས་ཀྱིས་ལི་པི་ཡར་འབར་མདེལ་དབྱུག་མཚམས་འཇོག་དགོས་པ་དང་དམག་བརྒྱབ་མཚམས་གང་མགྱོགས་བཞག་ཏེ་དམངས་གཙོ་ཆབ་སྲིད་ཀྱི་ཐག་གཅོད་ལམ་བུ་ཞིག་འཚོལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
དབྱི་ཐ་ལི་དང་ཐུ་ནི་སིའི་དབར་གནས་སྤོས་ཡུལ་མི་ཕྱིར་སློག་བྱ་རྒྱུའི་གནད་དོན་ཐད་སྔར་བཞིན་རྩོད་པ་ལྷག་པ་དང་ཉིན་ཤས་གོང་ལན་ཕེ་ཏུའུ་ས་གླིང་ཕྲན་དུ་རུབ་སྡོད་བྱས་པའི་གནས་སྤོས་ཡུལ་མིའི་ནང་གི་ཕྱེད་ཀ་ཙམ་དབྱི་ཐ་ལིའི་ལྷོ་རྒྱུད་ས་ཁུལ་གྱི་བཀོད་སྒྲིག་ས་ཚིགས་ཁ་ཤས་སུ་ཁ་བཀྲམ་ཀྱང་ད་དུང་གླིང་ཕྲན་ཐོག་གནས་སྤོས་ཡུལ་མི་3000ལྷག་ཙམ་ལུས་ཡོད་པ་དེ་དག་ཁ་གྲམ་ལས་དོན་ད་དུང་མུ་མཐུད་སྒྲུབ་བཞིན་ཡོད། ཕྱིར་སློག་བྱ་རྒྱུར་སེམས་ཁྲལ་བྱས་ཏེ་དབྱི་ཐ་ལིའི་ལྷོ་རྒྱུད་དུ་ཁ་བཀྲམ་པའི་གནས་སྤོས་ཡུལ་མི་ཧ་ཅང་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ངང་བཀོད་སྒྲིག་ལྟེ་གནས་ནས་བྲོས་བྱོལ་དུ་སོང་བ་མ་ཟད་སྒྲིག་ལམ་སྲུང་རྒྱུའི་འགན་འཁུར་མཁན་ཉེན་རྟོག་པ་དང་གདོང་ཐུག་ཀྱང་བྱུང་ཡོད། གནས་སྤོས་ཡུལ་མི་ཕྱིར་སློག་གི་གནད་དོན་གང་མགྱོགས་ཐག་གཅོད་བྱ་ཕྱིར་དབྱི་ཐ་ལིའི་ཙུང་ལི་པི་སི་ཁོའོ་ཉི་ཚེས་བཞི་ཉིན་ཐུ་ནི་སིར་འཚམས་འདྲིར་བསྐྱོད་དེ་ཐུ་ནི་སི་སྲིད་གཞུང་དང་གནད་དོན་དེའི་སྐོར་གྲོས་མོལ་བྱ་རྒྱུའི་ཐག་བཅད་ཡོད།