ཤིན་ཧྭ་གསར་འགྱུར་ཁང་ལ་ཀོ་སི་ནས་ཟླ་4ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་ནི་ཀྲེ་རི་ཡའི་འཕྲིན་སྤེལ་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ནི་ཀྲེ་རི་ཡའི་བྱང་རྒྱུད་ཀྱི་པའོ་ཆི་ཀྲོའུ་དང་ཤར་ལྷོའི་རྒྱུད་ཀྱི་ཨའེ་ཏོ་ཀྲོའུ་རུ་ཚེས་1ཉིན་གྱི་དགོང་མོ་གཅིག་རྗེས་གཉིས་མཐུད་ངང་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་གཉིས་ཐོན་ནས་ཉུང་མཐར་མི་44རྐྱེན་ལམ་དུ་ཤོར་བ་རེད།
ནི་ཀྲེ་རི་ཡ་རྒྱ་གྲམ་དམར་རྟགས་ཚོགས་པའི་དཔོན་རིགས་ཨ་ཏ་མུའུ ·ཨ་པུ་པ་ཁའར་ཡི་སྐད་ཆ་དྲངས་ནས་ཚེས་1ཉིན་གྱི་དགོང་མོ་སྣུམ་ཟོམ་རླངས་འཁོར་ཞིག་པའོ་ཆི་ཀྲོའུ་དང་ཀའོ་ཡོན་ཀྲོའུ་འབྲེལ་མཚམས་ཀྱི་དམག་མི་ཞིག་གིས་ལྟ་སྲུང་བྱེད་པའི་ཞིབ་བཤེར་ས་ཚིགས་སུ་སླེབས་སྐབས་གློ་བུར་དུ་ཚོད་འཛིན་མ་ཐུབ་པར་ཞིབ་བཤེར་ས་ཚིགས་ཀྱི་མདུན་དུ་བང་བསྒྲིགས་ཏེ་ཞིབ་བཤེར་བྱ་རྒྱུར་སྒུག་མཁན་རླངས་འཁོར་དང་བརྡུངས་རྗེས་མེ་འབར་བ་རེད། སྣུམ་ཟོམ་རླངས་འཁོར་དང་རླངས་འཁོར་17མེས་འཚིག་ནས་ཉུང་མཐར་མི་30རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་བཀོད་ཡོད།
ཉིན་དེའི་དགོང་མོ་ཨའེ་ཏོ་ཀྲོའུ་ཡི་སྣུམ་སྙིགས་བྱུར་བུར་བླུགས་པའི་འདྲུད་བྱའི་རླངས་འཁོར་ཞིག་གི་བཀག་གཏོང་མ་ལག་འཕྲོ་བརླག་སོང་སྟེ་མདུན་ནས་ཡོང་མཁན་འགྲུལ་པ་14བླུགས་ཡོད་པའི་རླངས་འཁོར་འབྲིང་གྲས་ཤིག་དང་བརྡུངས་ནས་མི་14དེ་གར་རྐྱེན་ལམ་དུ་ཤོར་བ་རེད།
ནི་ཀྲེ་རི་ཡར་འགྲིམ་འགྲུལ་ལས་འཛོལ་མང་པོ་ཐོན་ཞིང་། འགྲོ་ལམ་ཆ་རྐྱེན་ཞན་པ་དང་རླངས་འཁོར་མྱུར་ཚད་དང་ཤོང་ཚད་ལས་བརྒལ་བ་དང་དེ་བཞིན་འགྲིམ་འགྲུལ་སྒྲིག་ལམ་མི་སྲུང་བ་ནི་ལས་འཛོལ་མང་པོ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་རེད།