ཤིན་ཧྭ་གསར་འགྱུར་ཁང་དུ་པང་ཁོག་ནས་ཟླ་4ཚེས་ 3ཉིན་གློག་འཕྲིན་འབྱོར་གསལ། ཚེས་ 3ཉིན་ཐེ་ལན་སྤྱི་པའི་འཕྲོད་བསྟེན་པུའུ་ཀྲང་ཀྲུའུ་ལིན ·ལ་ཧྲ་ན་ཝུའེ་ཞི་ཡིས་ ཐེ་ལན་ལྷོ་རྒྱུད་ཀྱི་ཆུ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་45བར་མང་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།
ཀྲུའུ་ལིན་གྱིས་ལུའོ་ཁུན་ཕུའུ་དུ་མི་19རྐྱེན་ལམ་དུ་ཤོར་བ་དེ་ཕུའུ་ཁག་ནང་གི་མང་ཤོས་ཡིན་ཞེས་གསུངས་པ་རེད།
ཟླ་3ཚེས་23ཉིན་ནས་བཟུང་ཐེ་ལན་ལྷོ་རྒྱུད་ཀྱི་ལུའོ་ཁུན་ཕུའུ་དང་། པོ་ཐ་ལུན་ཕུའུ། སུའོ་ཏའོ་ཐ་ཉི་ཕུའུ། ཏུང་ལི་ཕུའུ། ཁྲུན་ཧྥེང་ཕུའུ། སྲུང་ཁ་ཕུའུ། ཅ་སྨི་ཕུའུ་སོགས་ས་ཁུལ་དུ་ཆར་པ་ཆེན་པོ་རྒྱུན་མཐུད་དེ་བབས་ནས་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་ཡོད་པ་རེད། ཐེ་ལན་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ཅུས་ཀྱིས་ཚེས་2ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་ཀྱི་གྲངས་གཞི་གསར་ཤོས་ཐོག་ནས་མི་གྲངས་ཁྲི་195ལ་གནོད་འཚེ་ཕོག་པ་མངོན་ཞིང་། མིག་སྔར་རོགས་སྐྱོབ་ལས་དོན་ད་དུང་སྤེལ་བཞིན་ཡོད་པ་རེད།
གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན་ད་རེས་ཀྱི་ཆུ་ལོག་དེས་འགྲོ་ལམ་ཁག་2520དང་། ཟམ་པ་ཁག་236 སྲིད་གཞུང་གི་གཞུང་ལས་ཁང་གནས་ཡུལ་76 དེ་བཞིན་མང་ཚོགས་ཀྱི་སྡོད་ཁང་དང་། སློབ་གྲྭ དགོན་པ་བཅས་འབོར་ཆེན་ཞིག་ལ་གཏོར་སྐྱོན་བཟོས་པ་དང་། ས་ཁུལ་ཁག་གཅིག་ཏུ་ལྕགས་ལམ་དང་གཞུང་ལམ་འགྲིམ་འགྲུལ་ཆད་པ་དང་གྲུ་གཟིངས་དང་མཁའ་ལམ་འགྲིམ་འགྲུལ་ལའང་ཤུགས་རྐྱེན་ངན་པ་ཕོག་ཡོད་པ་རེད། ཆུ་ལོག་དེས་ད་དུང་ཞིང་ཁ་འབོར་ཆེན་ཞིག་བསྣུབས་པ་དང་འབྲོག་ལས་དང་ཉ་ལས་ལའང་གྱོང་གུན་ཚབས་ཆེན་བཟོས་ཡོད་པ་རེད།