ཤིན་ཧྭ་གསར་འགྱུར་ཁང་ལོན་ཏོན་ནས་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་དབྱིན་ཇིའི་གོང་མ་ཚང་རིག་གཞུང་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་གསར་དར་རྒྱལ་ཁབ་ཁག་གཅིག་གིས་འཛམ་གླིང་ཚན་རིག་ཞིབ་འཇུག་ཐོན་ཚད་ཁྲོད་བཟུང་བའི་བསྡུར་ཚད་དེ་རྒྱུན་ཆད་མེད་པར་འཕར་བ་དང་ལྷག་པར་དུ་ཀྲུང་གོའི་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་གྲངས་འབོར་དེ་འཛམ་གླིང་གི་ཨང་གཉིས་པར་སླེབས་ཀྱི་ཡོད་པས་དེ་སྤྱོད་ཚད་དང་གྲངས་འབོར་འཕར་བ་དེ་གོམ་སྟབས་མ་གཅིག་མོད། འོན་ཀྱང་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་ཅེས་བསྟན་ཡོད།
《ཤེས་བྱ་དང་། དྲ་སྦྲེལ། རྒྱལ་ཁབ་བཅས། དུས་རབས་21གི་འཛམ་གླིང་ཚན་རིག་ཞིབ་འཇུག་མཉམ་ལས 》ཞེས་པའི་སྙན་ཞུ་དེ་ནི་དབྱིན་ཇིའི་གོང་མ་ཚང་རིག་གཞུང་ལྷན་ཚོགས་དང་སྤྱི་ཁྱབ་པུའུ་ཧོ་ལན་ཨ་མུའུ་སི་ཐེ་ཏན་དུ་བཙུགས་པའི་ཚན་རྩལ་ཆ་འཕྲིན་དཔེ་སྐྲུན་ཀུང་སི་ཨའེ་སི་ཝེའར (Elsevier)མཉམ་ལས་བྱས་པ་ཞིག་ཡིན་པ་དང་ད་ཕན་ལོ་ཤས་རིང་འཛམ་གླིང་རྒྱལ་ཁབ་ཁག་གིས་བྲིས་པའི་ཚན་རིག་ཞིབ་འཇུག་དཔྱད་རྩོམ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱེད་ཅིང་། དེས་1999ལོ་ནས་2003ལོ་བར་དང་2004ལོ་ནས་2008ལོ་བར་གྱི་དུས་མཚམས་གཉིས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་བསྡུར་བའི་འབྲས་བུ་ལས། ཀྲུང་གོས་མཚོན་པའི་གསར་དར་རྒྱལ་ཁབ་ཀྱིས་ཨ་རི་དང་། ཡོ་རོབ་ནུབ་མ། རི་པིན་བཅས་ཀྱི་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་ལེགས་ཆའི་གནས་བབ་ལ་འགྲན་སློང་བྱེད་པ་མངོན་པ་རེད།
ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་གྲངས་འབོར་ཐད་ཨ་རི་ནི་སྔར་བཞིན་འཛམ་གླིང་ཐོག་ཨང་དང་པོ་ཡིན་མོད། འོན་ཀྱང་བཟུང་བའི་བསྡུར་ཚད་དེ་ཅུང་ཆག་ཡོད། ཀྲུང་གོས་བཟུང་བའི་བསྡུར་ཚད་དེ་4.4%ནས་10.2%བར་འཕར་བ་དང་བསྡུར་ཚད་ཀྱི་གོ་རིམ་དེ་ཨང་དྲུག་པ་ནས་ཨང་གཉིས་པར་སླེབས་ཏེ་དབྱིན་ཇི་དང་། རི་པིན། འཇར་མན། ཧྥ་རན་སེ་སོགས་སྲོལ་རྒྱུན་གྱི་ཚན་རིག་ཞིབ་འཇུག་སྟོབས་ཆེའི་རྒྱལ་ཁབ་ལས་བརྒལ་ཡོད་པ་རེད།