དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཀྱིས“འཇིགས་རྒོལ་ཐད་སྦྲེལ་ཁ་པར”འཛུགས་རྒྱུར་མོས་མཐུན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཟླ་3ཚེས་29ཉིན་དུས་ཡུན་ཉིན་གཉིས་ཡིན་པའི་རྒྱ་གར་དང་ཕ་ཁི་སི་ཐན་གྱི་ནང་སྲིད་དྲུང་ཡིག་རིམ་པའི་གྲོས་མོལ་དེ་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པར་གྲོལ་བ་རེད། ཚོགས་འདུ་གྲོལ་རྗེས་ཕྱོགས་གཉིས་པོས་མཉམ་འབྲེལ་གསལ་བསྒྲགས་བྱས་པའི་ནང་རྒྱལ་ཁབ་གཉིས་པོས “འཇིགས་རྒོལ་ཐད་སྦྲེལ་ཁ་པར ”འཛུགས་རྒྱུར་གྲོས་མཐུན་གཅིག་གྱུར་བྱུང་ཡོད་པས་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་དང་ཕྱོགས་གཉིས་པོས་ད་དུང་ནུས་ཤུགས་ཡོད་རྒུས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུའི་ཆོད་སེམས་ཡོད་ཅེས་བཤད།

        གསལ་བསྒྲགས་ནང་རྒྱ་གར་དང་ཕ་ཁི་སི་ཐན་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ནང་སྲིད་དྲུང་ཡིག་དབར་གྱི “འཇིགས་རྒོལ་ཐད་སྦྲེལ་ཁ་པར ”འཛུགས་རྒྱུ་མོས་མཐུན་བྱུང་བ་དེས་འཇིགས་གཏུམ་རིང་ལུགས་པའི་འཇིགས་སྐུལ་གྱི་ཆ་འཕྲིན་དང་འབྲེལ་བ་ཡོད་པ་དུས་ཐོག་ཏུ་མཉམ་སྤྱོད་བྱེད་བདེ་བ་ཡོད་ཅེས་བཀོད་ཡོད། ད་དུང་ཕྱོགས་གཉིས་པོས་རྣམ་པ་མི་འདྲ་བའི་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་རྒྱུའི་ཆོད་སེམས་ཡོད་ལུགས་བསྐྱར་བཤད་བྱས་པ་དང་དུས་མཚུངས་འཇིགས་སྐུལ་རིང་ལུགས་དང་འབྲེལ་བ་ཡོད་པའི་འགན་འཁུར་མི་སྣ་ཚང་མ་ངེས་པར་དུ་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད་པ་རེད།

        རྒྱ་གར་ཨེ་ཤེ་ཡ་གསར་འགྱུར་ཁང་གིས་ཉིན་དེར་གནས་ཚུལ་སྤེལ་བའི་ནང་2008ལོར་འབོམ་འབེལ་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐོན་ཚུན་རྒྱ་གར་ཕྱོགས་ནས་མིག་སྔར་རྒྱ་གར་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་འགོག་རྐྱེན་གཙོ་བོ་ནི་འཇིགས་གཏུམ་རིང་ལུགས་པའི་གནད་དོན་ལ་ཐུག་ཡོད་པ་ངོས་འཛིན་བྱས་པ་དང་2010ལོའི་ཟླ་4པར་རྒྱ་གར་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་འབྲུག་ཡུལ་གྱི་རྒྱལ་ས་ཡམ་བུར་དུས་ཡུན་ཟླ་བ་9སོང་རྗེས་ཀྱི་ཐུག་འཕྲད་ཐེངས་དང་པོ་བྱས་པ་དང་ཐུག་འཕྲད་བྱས་རྗེས་ཚོགས་འདུ་གྲོལ་རྗེས་ཕྱོགས་གཉིས་པོས་རྒྱུན་གཏན་གྱི་སྐད་ཆ་ཤོད་རེས་སླར་གསོ་བྱས་ནས “ཡིད་ཆེས་མེད་པ ”སེལ་གང་ཐུབ་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

        འདི་ལོའི་ཟླ་2པར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་སླར་ཡང “གྲོས་གཞི་མཐའ་དག་ལ་དམིགས་ཏེ་སྒོ་ཀུན་ནས་སྐད་ཆ་ཤོད་རེས་སླར་གསོ ”བྱ་རྒྱུ་མོས་མཐུན་བྱས་པ་དང་སྐབས་དེར་རྒྱ་གར་ནང་སྲིད་ཀྱི་དྲུང་ཡིག་ཕི་ལའེ་དང་ཕ་ཁི་སི་ཐན་ནང་སྲིད་ཀྱི་དྲུང་ཡིག་ཆའོ་ཏུའུ་ལི་རྣམ་གཉིས་གྲོས་མོལ་ནང་མཉམ་དུ་ཞུགས་པ་དེ་རྒྱལ་ཁབ་གཉིས་ཞི་གྲོས་བསྐྱར་གསོ་བྱེད་པའི་གལ་ཆེའི་གོམ་སྟབས་ཤིག་ཏུ་གྱུར་ཡོད། ཚེས་28ཉིན་ཕི་ལའེ་ཡིས་སྨྱན་སྦྱོར་ཚན་པར་ད་རེས་ཀྱི་གྲོས་མོལ་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་ཕྱོགས་གཉིས་ཀས་ཡང་དག་གི་ཕྱོགས་སུ་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

        “འཇིགས་རྒོལ་ཐད་སྦྲེལ་ཁ་པར ”འཛུགས་པ་ཕུད་གྲུབ་འབྲས་ནང་བཤད་རིན་ཡོད་པ་ཞིག་ནི་ཕ་ཁི་སི་ཐན་ཕྱོགས་ཀྱིས་རྩ་དོན་ཐོག་རྒྱ་གར་ཕྱོགས་ཀྱིས་བཏོན་པའི་ཕ་ཁི་སི་ཐན་དུ་ཁྲིམས་འཛིན་བརྟག་དཔྱད་ཚོགས་ཆུང་ཞིག་མངགས་ནས་འབོམ་འབེལ་ལ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོས་པར་བརྟག་དཔྱད་བྱ་རྒྱུའི་སྐོར་གྱི་རེ་བར་མོས་མཐུན་བྱས་པ་དེ་རེད། གསལ་བསྒྲགས་ལ་གཞིགས་ནས་བརྟག་དཔྱད་ཚོགས་ཆུང་གི་རྣམ་པ་དང་མི་སྣའི་གྲུབ་ཚུལ་སྐོར་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་གྱི་འབྲེལ་བའི་འགྲོ་ལམ་བརྒྱུད་ནས་གྲོས་མོལ་བྱ་རྒྱུ་དང་རྒྱ་གར་ཕྱོགས་ཀྱིས་ཀྱང་མ་འོངས་པའི་གཟའ་འཁོར་4ནས་6གི་བར་དུ་ཕ་ཁི་སི་ཐན་ཕྱོགས་ལ་བརྟག་དཔྱད་ཚོགས་ཆུང་གི་བཅར་འདྲིའི་ཞིབ་ཕྲའི་དུས་ཚོད་འབུལ་རྒྱུ་ཡིན་པ་རེད།

        གསལ་བསྒྲགས་ནང་ད་དུང་ཕ་ཁི་སི་ཐན་ཕྱོགས་ཀྱིས་གྲོས་མོལ་ཁྲོད་རྒྱ་གར་ཕྱོགས་ལ་འབོམ་འབེལ་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་བརྟག་དཔྱད་བྱས་པའི་འབྲེལ་ཡོད་ཀྱི་འཕེལ་རིམ་གསར་པ་མཁོ་འདོན་བྱ་རྒྱུ་མ་ཟད་རྒྱ་གར་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་གསང་འཕྲིན་སྡེ་ཚན་གྱིས་སྔར་བཞིན་འབྲེལ་ཡོད་ཀྱི་བརྟག་དཔྱད་དང་མཉམ་ལས་བྱ་རྒྱུ་དང་དུས་མཚུངས་2007ལོར་བྱུང་བའི “མཛའ་མཐུན་མགྱོགས་འཁོར་འབར་གས་ཀྱི་དོན་རྐྱེན ”སྐོར་རྒྱ་གར་ཕྱོགས་ནས་གང་མགྱོགས་ཕ་ཁི་སི་ཐན་ཕྱོགས་དང་དོན་རྐྱེན་དེར་ཞིབ་དཔྱོད་བྱས་པའི་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་མོས་མཐུན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།