ལི་པི་ཡའི་དུས་བབ་ཇེ་སྡུག་ཏུ་སོང་ཚུན་འཛམ་གླིང་ཡོངས་ཀྱིས་བྱང་ཆིངས་དང་ཡོ་རོབ་མནའ་འབྲེལ་གྱི་རྣམ་འགྱུར་ལ་དོ་སྣང་བྱེད་ཅིང་། ཡོ་རོབ་མནའ་འབྲེལ་གྱི་ཐོག་མའི་ཚོར་སྣང་ནི་ཧ་ཅང་མྱུར་ལ་མཐུན་ཙམ་ཡོད་ཅེས་བརྗོད་ཆོག མི་སེར་ལ་གཏུམ་སྤྱོད་བྱས་པར་ཁ་རྡུང་དྲག་པོ་བཏང་བ་མ་ཟད་ཁ་ཀྲ་ཕེ་སྲིད་ཁྲི་ནས་འབབ་དགོས་པའི་བླང་བྱ་བཏོན་པ་ནས་ལི་པི་ཡར་ཆད་པ་གཅོད་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པའི་བར་སོགས “ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དཔོན་མཁྱེན་ལྡན་མ་ཨ་ཧྲི་ཏུན་གྱི་སྐད་ཆ་དྲངས་ན། དེ་ནི་ཡོ་རོབ་མནའ་འབྲེལ་གྱིས་སྐད་སྒྲ་གཅིག་ལ་བརྟེན་ནས་ལི་པི་ཡའི་བྱ་བར་བློ་ཐག་ཆོད་པོས་ཚོར་སྣང་མྱུར་བའི་ཆོད་སེམས་མཚོན་པ་བྱེད་དགོས་ཞེས་པ ”དེ་རེད། འོན་ཀྱང་དམག་དོན་གྱི་རྡུང་རྡེག་གཏོང་བ་དང་དམག་འཁྲུག་གི་གཙོ་ཁྲིད་དབང་ཆའི་འགག་རྩའི་གནད་དོན་ཕྱིར་མངོན་སྐབས་ཡོ་རོབ་མནའ་འབྲེལ་ནང་ཁུལ་དུ་འགལ་བ་མི་ཉུང་བ་ཞིག་ཐོན་ནས་ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་ཀྱིས་ངོ་བོའི་རང་བཞིན་ལྡན་པའི་གཅིག་གྱུར་གྱི་བྱ་སྤྱོད་སྤེལ་ཧ་ཅང་དཀའ་བར་གྱུར་ཡོད།
དོན་དངོས་ཐོག་ཡོ་རོབ་མནའ་འབྲེལ་གྱི་ཐུན་མོང་གི་ཕྱི་འབྲེལ་འབྲེལ་བ་ཟེར་བ་ནི་སྔར་བཞིན་རྒྱལ་ཁབ་ཆེན་པོ་ཁ་ཤས་ཀྱིས་བཤད་ན་འགྲིག་པ་ཞིག་རེད། རང་རང་སོ་སོའི་ཁེ་ཕན་ལྡན་ཡོད་སྟབས་རྒྱལ་ཁབ་དེ་དག་གིས་ལི་པི་ཡར་དམག་དོན་གྱི་རྡུང་རྡེག་གཏོང་བ་དང་དེའི་དམག་འཁྲུག་གི་གཙོ་ཁྲིད་དབང་ཆར་མིག་མངས་རྩེ་བ་ལྟར་ཞིག་ཡིན་པ་མཐོང་སླ་བ་ཞིག་ཡོད། ཨ་རིས་དབྱི་རག་དམག་འཁྲུག་བསླངས་པར་སྣེ་ཁྲིད་དེ་ངོ་རྒོལ་བྱེད་མྱོང་མཁན་ཕ་རན་སེས་ད་རེས་སྒྱོགས་མདེལ་དང་པོ་དེ་བརྒྱབ་པ་དང་དབྱིན་ཇིས་ཀྱང་རྗེས་ལུས་ཐེབས་དོགས་བྱས་ཏེ “སྣེ་ཁྲིད་ལུགས ”ལྟར་ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ཀྱང་འཇར་མན་གྱིས་ལི་པི་ཡར་དམིགས་པའི་དམག་དོན་བྱ་སྤྱོད་ནང་ཞུགས་རྒྱུའི་ཁས་བླངས་མེད་པ་དང་ད་དུང་ཁོངས་གཏོགས་རྒྱལ་ཁབ་ཁ་ཤས་ཀྱིས་དོན་དེར་ཁ་ཡ་བྱས་མེད། ཡོ་རོབ་མནའ་འབྲེལ་གྱི་དཔྱིད་དུས་དབུ་ཚོགས་ནང་ཞུགས་པའི་ཧྥིན་ལན་གྱི་གསར་འགོད་པ་གཅིག་གིས་ལི་པི་ཡར་སྤེལ་བའི་དམག་དོན་བྱ་སྤྱོད་ནི་རྒྱལ་ཁབ་ཆེན་པོའི་བྱ་བ་ཞིག་རེད་ཅེས་སྦ་གསང་མེད་པར་བཤད་ཡོད།
ཟླ་3ཚེས་19ཉིན་ཕ་རན་སེའི་དམག་འཐབ་གནམ་གྲུས་ལི་པི་ཡར་མཁའ་ཐོག་ནས་འཇབ་རྒོལ་བྱས་པའི་སྒྱོགས་མདེལ་དང་པོ་དེ་བརྒྱབ་ཡོད། ཕ་རན་སེ་དང་། ཨ་རི། དབྱིན་ཇི་བཅས་སོ་སོས་ལོགས་སུ་བྱ་སྤྱོད་སྤེལ་བ་དེར་ཕ་རན་སེའི་ཕྱི་འབྲེལ་དཔོན་ཀྲུའུ་ཕེས་གལ་སྲིད་བྱང་ཆིངས་ཀྱིས་ད་རེས་ཀྱི་དམག་དོན་བྱ་སྤྱོད་དེར་འགོ་ཁྲིད་བྱས་ན་ཨ་རབ་རྒྱལ་ཁབ་ཞེ་ལོག་ངེས་རེད་ཅེས་ནན་བཤད་བྱས་ཡོད། དོན་དམ་དུ་ཕ་རན་སེས་དམག་འགོ་བསླངས་པ་དེ་ནི་ཁོ་པས་རང་ངོས་ཀྱི་ཁེ་ཕན་དོན་གཉེར་བྱེད་པའི་འབྲས་བུ་ཞིག་རེད། ལི་པི་ཡར་ཡོ་ལང་བྱུང་རྗེས་ཡུན་རིང་མ་སོང་བར་ཕ་རན་སེས་ལི་པི་ཡའི་ངོ་རྒོལ་ཤོག་ཁག་རྩ་འཛུགས “ལི་པི་ཡ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང ”དེ “ལི་པི་ཡའི་མི་དམངས་ཀྱི་ཚབ་བྱེད་ཁྲིམས་མཐུན་སྒྲིག་གཞི་འབའ་ཞིག ”ཡིན་པ་ཁས་ལེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། གལ་སྲིད་ཕ་རན་སེས་འགོ་འཁྲིད་དེ་དམག་འཁྲུག་འདི་མཐར་ཕྱིན་པ་ཞིག་མ་བརྒྱབ་ན་ལི་པི་ཡར་ཡོད་པའི་དེའི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་ཕོག་སྲིད། ད་ལོ་རྒྱལ་ཁབ་བརྒྱད་ཚོགས་པ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཕ་རན་སེས་རྒྱལ་སྤྱིའི་བྱ་བའི་ཁྲོད་མདུན་ལམ་ཡོད་པ་དང་ཕ་རན་སེའི་རྒྱལ་སྤྱིའི་གནས་བབ་སྔར་ལས་མཐོ་རུ་གཏོང་དགོས་བསམས་ཡོད། ཕ་རན་སེས་ལི་པི་ཡའི་དམག་འཁྲུག་ལ་གཙོ་ཁྲིད་བྱས་ཏེ་དམག་འཁྲུག་དེ་ཕ་རན་སེར་ཕན་པ་ཡོད་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ན་ཧྲ་ཁོའོ་ཆིའི་ངོས་ནས་བཤད་ན་ཕྱི་ལོའི་བདེམས་བསྐོ་ཆེན་པོར་གལ་འགངས་ཧ་ཅང་ཆེ་བ་ཞིག་ལྡན་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་3ཚེས་17ཉིན་གྲོས་འཆམ་བྱས་པའི་ལི་པི་ཡར་འཕུར་སྐྱོད་བཀག་སྡོམ་ཁུལ་འཛུགས་རྒྱུ་དང་འབྲེལ་ཡོད་ཀྱི་གྲོད་ཆོད་ལ་འཇར་མན་གྱིས་དབང་ཆ་འདོར་བའི་འདེམས་ཤོག་འཕངས་པ་མ་ཟད་མཉམ་འབྲེལ་དམག་གིས་ལི་པི་ཡར་དམིགས་པའི་དམག་དོན་གྱི་བྱ་སྤྱོད་ནང་ཞུགས་རྒྱུ་ཁས་ཀྱང་བླངས་མེད། བྱང་ཆིངས་རྩ་འཛུགས་ལི་པི་ཡའི་གདོང་ཐུག་ནང་ཞུགས་རྗེས་འཇར་མན་གྱི་མཚོ་དམག་ཟླ་3ཚེས་22ཉིན་དེ་སྔོན་ཞུགས་པའི་ས་དབུས་རྒྱ་མཚོའི་ཁུལ་གྱི་བྱང་ཆིངས་རྩ་འཛུགས་ཀྱི་ཡུན་རིང་གི་བྱ་སྤྱོད་རྣམ་གྲངས་མང་པོའི་ནང་ནས་ཕྱིར་འཐེན་བྱས་ཡོད། ཡོ་རོབ་མནའ་འབྲེལ་དང་བྱང་ཆིངས་ཁོངས་གཏོགས་ཡིན་པའི་འཇར་མན་གྱིས་ལི་པི་ཡའི་གནད་དོན་ཐད་བྱ་སྤྱོད་ལོགས་སུ་སྤེལ་བ་དེ་འཇར་མན་རྒྱལ་ནང་གི་འདེམས་བསྐོའི་གནོན་ཤུགས་དང་དམག་འཁྲུག་རྗེས་མངོན་པའི “དམག་འཁྲུག་ལ་སུན་སྣང་བྱེད་པའི ”རྣམ་འགྱུར་དང་འབྲེལ་བ་ཡོད། འཇམ་འཐབ་རྗེས་འཇར་མན་སྲིད་གཞུང་གིས་མནའ་གྲོགས་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་སྐབས་མང་ཆེ་བ་ནི་རྒྱལ་ནང་གི་ཆབ་སྲིད་ལ་དང་ཐོག་བསམ་གཞིགས་བྱེད་ཀྱི་ཡོད། མིག་སྔར་རི་པིན་གྱི་ཉིང་རྡུལ་འཛགས་པའི་ཉེན་ཁ་ལས་འཇར་མན་གྱི་མང་ཚོགས་ཚོར་ཉིང་རྡུལ་བདེ་འཇགས་ཀྱི་སེམས་ཁྲལ་བྱུང་་ཁར་འཇར་མན་བའི་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་སྣང་ཚུལ་དབང་གིས་འཇར་མན་སྲིད་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་ཐད་དེ་བས་གཟབ་ནན་ཆེན་པོ་མི་བྱེད་ཀ་མེད་བྱུང་ཡོད། གཞན་ཡང་དབྱེ་ཞིབ་མི་སྣ་ལ་ལས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ད་རེས་ལི་པི་ཡའི་ཉེན་ཁའི་གནད་དོན་ལ་ཐབས་ཇུས་ཁག་གཉིས་གྲ་སྒྲིག་བྱས་ཡོད་པ་སྟེ “ཕ་རན་སེ་དང་དབྱིན་ཇིས ”“རྣམ་འགྱུར་དྲག་པོ ”བསྟན་པ་དང་འཇར་མན་གྱིས “རྣམ་འགྱུར་འཇམ་པོ ”བསྟན་ཏེ་དགོས་ངེས་དང་གོ་སྐབས་འོས་འཚམས་སྐབས་འཇར་མན་གྱིས་བདེན་རྫུན་མི་འབྱེད་པར་འདུམ་གཏོང་མཁན་ཞིག་བྱ་རྒྱུ་དེ་རེད།