ཤིན་ཧྭ་གསར་འགྱུར་ཁང་ལུའོ་ཧྲན་ཅི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རི་པིན་གྱི་ཞིབ་འཇུག་པས་ཨ་རིའི་ཡ་ཐེ་ལན་ཏར་འཚོགས་པའི་ཨ་རིའི་སྙིང་ནད་མཐུན་ཚོགས་ཀྱི་ལོ་ཚོགས་ཐོག་ཧ་ཧ་ཞེས་དགོད་པ་དང་རོལ་དབྱངས་ཉན་ཚེ་ཁྲག་ཤེད་གཅོག་རྒྱུར་ཕན་པ་ཡོད་ལུགས་ཁྱབ་བསྒྲགས་བྱས་པ་རེད།
དུས་ཡུན་ཟླ་བ་གསུམ་རྒྱུན་འཁྱོངས་བྱས་པའི་ཞིབ་འཇུག་ནང་རི་པིན་ཏ་པན་སློབ་ཆེན་གྱི་ཞིབ་འཇུག་པས་ལོ་ན་40 ནས་74 བར་གྱི་མི་79 དེ་དག་ཚོགས་ཆུང་གསུམ་ལ་བགོས་ནས་གཟའ་འཁོར་གཉིས་རེར་ཚོད་ལྟ་ཐེངས་རེ་བྱེད་ཀྱི་ཡོད་པ་སྟེ། ཚོགས་ཆུང་དང་པོའི་མིས་རོལ་དབྱངས་ཆུ་ཚོད་གཅིག་ཉན་དགོས་ཀྱི་ཡོད་པ་དང་། ཚོགས་ཆུང་གཉིས་པའི་མིས་ཧ་ཧ་ཞེས་གད་མོ་ཁོ་ན་དགོད་དགོས་པ། ཚོགས་ཆུང་གསུམ་པའི་མིས་གང་ཡང་བྱེད་དགོས་ཀྱི་མེད་པ་བཅས་རེད། ཚོད་ལྟ་བྱས་རྗེས་ཞིབ་འཇུག་པས་ཁོང་ཚོའི་ཁྲག་ཤེད་བལྟས་པ་རེད།
མཐར་རོལ་དབྱངས་ཚོགས་ཆུང་གི་མིས་རོལ་དབྱངས་ཉན་རྗེས་ཁྲག་ཤེད་དེ་རོལ་དབྱངས་མ་ཉན་གོང་ལས་དངུལ་ཆུའི་སྡོང་མདའ་ཧའོ་སྨི་6 ཆག་པ་དང་། ཧ་ཧ་ཞེས་གད་མོ་དགོད་མཁན་ཚོགས་ཆུང་གི་མིས་ཧ་ཧ་ཞེས་དགོད་རྗེས་ཁོང་ཚོའི་ཁྲག་ཤེད་དེ་གད་མོ་མ་དགོད་གོང་ལས་དངུལ་ཆུའི་སྡོང་མདའ་ཧའོ་སྨི་ 7 ཆག་པ། ཚོགས་ཆུང་གསུམ་པའི་མིའི་ཁྲག་ཤེད་ལ་འགྱུར་བ་གང་ཡང་བྱུང་མེད་པ་དེ་ཤེས་པ་རེད།
ཞིབ་འཇུག་པས་རོལ་དབྱངས་ཉན་པ་དང་ཡང་ན་ཧ་ཧ་ཞེས་དགོད་ཚེ་མི་ལུས་ནང་ཁྲོལ་གྱི་སྐྱི་མོའི་གཤེར་རྩིའི་ཚད་ཆག་པའི་ནུས་པ་ཐོན་ནས་ཁྲག་ཤེད་གཅོག་ཐུབ་ཀྱི་ཡོད། ནང་ཁྲོལ་གྱི་སྐྱི་མོའི་གཤེར་རྩི་ནི་རྩ་བའི་སྐུལ་རྒྱུ་ཞིག་ཡིན་པས་གནོན་ཤུགས་སྤྲད་པའི་འོག་མི་ལུས་ལ་ནང་ཁྲོལ་གྱི་སྐྱི་མོའི་གཤེར་རྩིར་བརྟེན་ནས་རྒྱུན་གཏན་གྱི་ལུས་ནུས་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད་རུང་གནོན་ཤུགས་ཆེ་དྲགས་ན་ནང་ཁྲོལ་གྱི་སྐྱི་མོའི་གཤེར་རྩིའི་ཚད་དེ་མཐོ་རུ་སོང་ནས་མཐར་ཁྲག་ཤེད་མཐོ་རུ་འགྲོ་ཡི་ཡོད་པ་རེད་ཅེས་འགྲེལ་པ་བརྒྱབ་པ་རེད།
ཡིན་ནའང་ཞིབ་འཇུག་པས་རོལ་དབྱངས་ཉན་པ་དང་ཧ་ཧ་ཞེས་གད་མོ་བགད་ན་ཁྲག་ཤེད་གཅོག་རྒྱུར་ཕན་པ་ཡོད་རུང་དེ་གཉིས་པོའི་དབར་རྒྱུ་འབྲས་ཀྱི་འབྲེལ་བ་མེད་པར་བརྟེན་འབྲེལ་ཡོད་ཕྱོགས་ཀྱི་ཞིབ་འཇུག་དེ་སྔར་བཞིན་གཏིང་ཟབ་བྱེད་དགོས་ཞེས་བཤད་པ་རེད།