ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་20ཉིན་གྱི་དགོང་མོ་ཨེ་ཅིབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་ཆེས་མཐོའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མོ་ཧན་མོ་ཏེ ·ཨའེ་ཧ་མའེ་ཏེ ·ཨ་ཐི་ཡ་ཡིས་རྒྱལ་ས་ཁེ་རོ་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚེས་19ཉིན་སྤེལ་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་སྤྱི་དམངས་ཡོངས་ཀྱིས་མོས་ཤོག་འཕེན་པའི་འབྲས་བུ་ཡོངས་བསྒྲགས་བྱས་ཤིང་། ཨ་ཐི་ཡ་ཡིས་ད་རེས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་སྤྱི་དམངས་ཡོངས་ཀྱིས་མོས་ཤོག་འཕེན་སྐབས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་རྒྱབ་སྐྱོར་བྱེད་མཁན་འདེམས་དམངས་ཁྲི་1410ལས་བརྒལ་ཡོད་པ་དང་མོས་མཐུན་ཡོད་མཁན་གྱིས་སྤྱི་འབོར་གྱི་77.2%བཟུང་བ་དང་མོས་མཐུན་མེད་མཁན་གྱིས་22.8%བཟུང་ཡོད་ཅེས་གསུངས་པ་རེད།
ཚེས་19ཉིན་ཨེ་ཅིབ་ཀྱིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་བྱེད་སྒོ་སྤེལ་ཞིང་། རྒྱལ་ཡོངས་ཀྱི་མོས་ཤོག་འཕེན་ས་ཁྲི་5.4རུ་གྲོང་མི་འབོར་ཆེན་ཞིག་གིས་མོས་ཤོག་འཕེན་པ་དང་ཐེངས་འདིའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་མོས་ཤོག་འཕེན་ཚད་41%ཟིན་ཡོད། རྩ་ཁྲིམས་བཟོ་བཅོས་ཨུ་ཡོན་ལྷན་ཁང་གིས་དེ་གོང་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ནས་བཟོ་བཅོས་འཆར་ཟིན་ནང་ཙུང་ཐུང་གི་གོ་གནས་འཁུར་ཡུན་དང་། གདམ་བྱའི་འོས་མིའི་འོས་བབ་ཐོབ་ཐང་། ཁྲིམས་འཛིན་ལྟ་སྐུལ། གྲོས་ཁང་གི་འཐུས་མིའི་འོས་བབ་ཐོབ་ཐང་གཏན་འཁེལ། ཙུང་ཐུང་གཞོན་པ་བསྐོ་གཞག་དང་ཛ་དྲག་གི་གནས་ཚུལ་སོགས་ནང་དོན་གཙོ་བོ་ཁག་9ལེགས་སྒྲིག་བྱས་ཡོད། སྐབས་གསར་པའི་ཙུང་ཐུང་འདེམས་བསྐོའི་ནང་ཞུགས་འདོད་ཡོད་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་མོ་ས་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ལས་འཛིན་ཟུར་པ་པཱ་ལ་ཏི་གཉིས་ཀས་བཟོ་བཅོས་འཆར་ཟིན་དེར་མོས་མཐུན་མེད་ཅེས་གསལ་པོར་བཤད་པ་རེད།
ཚེས་21ཉིན་ཨེ་ཅིབ་ཀྱི 《ད་ཆའི་འཛམ་གླིང་ཚགས་པར 》ཞེས་པའི་ཐོག་དཔྱད་གཏམ་སྤེལ་བའི་ནང་ཤོག་བྱང་འཕེན་པའི་སྤྲོ་སེམས་ཆེན་པོ་ཡོད་པ་དེ་ནི་ད་རེས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དམངས་ཡོངས་ཀྱི་བརྡས་ཐག་གཅོད་རྒྱུ་བདེ་བླག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞེས་འཁོད་ཡོད། “གཞོན་ནུ་དང་འབྱུང་འགྱུར ”ཞེས་པའི་རྩ་འཛུགས་ཀྱི་ཁེ་རོ་གྲོང་ཁྱེར་མོ་ཧན་ཏི་ཤིན་ཆུས་ཀྱི་འགན་འཁུར་བ་པ་ཏེ་ཝུའེ་ཡིས་གསར་འགོད་པར་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དེ་ཙུང་ཐུང་དང་དབྱི་ཧུའེ་གྲོས་ཚོགས་ཀྱི་འདེམས་བསྐོ་དུས་བཀག་བཞིན་སྤེལ་རྒྱུར་ཕན་པ་ཡོད་པ་དང་དེ་ནི་དམག་དོན་དོ་དམ་གྱི་སྣང་ཚུལ་དུས་བཀག་བཞིན་མཇུག་འགྲིལ་བའི་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན། “གལ་ཏེ་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་མ་བྱུང་ཚེ་རྒྱལ་ཁབ་ཀྱི་དམག་དོན་དོ་དམ་གྱི་སྣང་ཚུལ་ཟླ་བ་བཞི་ནས་དྲུག་བར་ནར་འགྱངས་འགྲོ་རྒྱུ་ཡིན་པས་དེ་ནི་ལས་རིགས་ཁག་ཚང་མས་མཐོང་མི་འདོད་པའི་རྣམ་པ་ཞིག་ཡིན ”ཞེས་གསུངས་པ་རེད།
ཡིན་ནའང་ས་གནས་དེ་གའི་ཆབ་སྲིད་ཤོག་ཁག་ཁག་གཅིག་གིས་སེམས་ཁྲལ་ཡོད་ལུགས་ཀྱི་རྣམ་འགྱུར་བསྟན་ཞིང་། ཁོང་ཚོས་མིག་སྔའི་འཕེལ་རིམ་ལ་གཞིགས་ན་སྲིད་ཏང་ཆུང་གྲས་མང་པོ་ཞིག་ལ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་འདེམས་བསྐོའི་འོས་འགྲན་ནང་ཞུགས་པའི་གྲ་སྒྲིག་བྱེད་ཁོམ་མེད་ཅིང་། དེ་ཨེ་ཅིབ་ཀྱི་སྐབས་གསར་པའི་དབྱི་ཧུའེ་གྲོས་ཚོགས་ཀྱི་མི་སྣ་གྲུབ་པའི་རྒྱ་ཁྱབ་རང་བཞིན་ལ་ཕན་པ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།