དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • སྒུག་ནས་སྡོད་རྒྱུ་མེད་ལ་དེ་བས་བྲེལ་འཚབ་བྱ་རྒྱུ་མེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཝུའུ་ཡུན་གྱིས།   |     སྤེལ་དུས།  2015-05-15

        ཉེ་ཆར “མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་དགོས་པའི ”སྐད་སྒྲ་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་རའི་ཕྱི་ནང་ཀུན་ཏུ་གྲགས་ཀྱི་ཡོད་པ་དང་རྒྱལ་ཁབ་ཁ་ཤས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བར་བསམས་བཞིན་དུ་སྐུལ་མ་བཏང་བ་དང་ཐ་ན་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག “གྲུབ་འབྲས་དངོས ”ཐོབ་དགོས་པའི་བླང་བྱ་བཏོན་པ་རེད།

        1945ལོར་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ཚུན་འཛམ་གླིང་འཕེལ་རྒྱས་དང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དེའི་ནང་གལ་ཆེ་ཤོས་ཤིག་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་སྤྱི་ཡོངས་ནས་དར་བ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ཚོམས་ཆེན་ཕྱི་རོལ་གྱི་བར་ཁྱམས་སུ་ས་བཀྲ་གཉིས་བཀལ་ཡོད་པ་སྟེ། 1945ལོར་མཉམ་འབྲེལ་རྒྱལ་ཚོགས་འཛུགས་སྐབས་ཀྱི་འཛམ་གླིང་དང་དེང་སྐབས་ཀྱི་འཛམ་གླིང་དེ་གཉིས་ཀྱི་ཐོག་ནས་ཐད་ཀར་འགྱུར་ལྡོག་དེ་རིགས་མངོན་འདུག 1945ལོའི་མདོག་སྔོན་པོ་ཡིས་རང་བཙན་རྒྱལ་ཁབ་མཚོན་པ་དང་མདོག་དམར་པོ་ཡིས་རང་བཙན་ཐོབ་མེད་པའི་རྒྱལ་ཁབ་མཚོན་པའི་འཛམ་གླིང་ས་བཀྲའི་ཐོག་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོ་ཕལ་ཆེ་བ་མདོག་དམར་པོས་ཁེངས་འདུག འཛམ་གླིང་ཡོངས་ཀྱི་མི་འབོར་གསུམ་ཆ་གཅིག་ད་དུང་རང་བཙན་ཐོབ་མེད་པའི་རྒྱལ་ཁབ་ཏུ་འཚོ་བ་སྐྱེལ་གྱི་ཡོད་ལ་མཉམ་འབྲེལ་རྒྱལ་ཚོགས་ལ་ཁོངས་ཞུགས་རྒྱལ་ཁབ 51ཁོ་ན་ལས་མེད། འོན་ཀྱང་དེང་སྐབས་ཀྱི་འཛམ་གླིང་ས་བཀྲའི་ཐོག་མདོག་སྔོན་པོས་ཁེངས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་192བར་འཕར་ཡོད་པ་རེད། དེའི་ཕྱིར་དེང་སྐབས་འཛམ་གླིང་གི་ཆབ་སྲིད་དུས་བབ་དེ་བས་གནད་ལ་འཁེལ་བའི་སྒོ་ནས་མཚོན་ཏེ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཐོག་གི་འཐུས་ཚབ་རང་བཞིན་མི་འདང་བའི་གནད་དོན་དམིགས་བསལ་གྱིས་སྔོན་ལ་ཐག་གཅོད་བྱས་ནས་རྒྱལ་ཁབ་འབྲིང་ཆུང་རེས་མོས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་ཞུགས་རྒྱུའི་གོ་སྐབས་དེ་བས་མང་པོ་ཞིག་ལྡན་ཆེད་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྒྱུར་བཅོས་བྱ་རྒྱུ་ནི་དངོས་གནས་དགོས་གལ་ཆེ་བ་ཞིག་རེད།

        1993ལོར་སྒྱུར་བཅོས་ལས་དོན་ཚོགས་ཆུང་བཙུགས་ཚུན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་ལ་དགེ་མཚན་ལྡན་པའི་གོང་འཕེལ་ངེས་ཅན་ཞིག་བྱུང་ཡོད་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་དང་འབྲེལ་བའི་གནད་དོན་ཆེ་གྲས་ལྔ་གཏན་འཁེལ་བྱས་པ་སྟེ། ཁོངས་ཞུགས་རྒྱལ་ཁབ་ཀྱི་རིགས་ཁག་དང་། ཆོད་སློག་དབང་ཆ། ས་ཁོངས་ཀྱི་གདན་ཐོབ་བགོ་འགྲེམས། རྒྱ་ཆེར་བཏང་རྗེས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གཞི་ཁྱོན་དང་ལས་དོན་སྒྲུབ་སྟངས་དེ་བཞིན་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་དབར་གྱི་འབྲེལ་བ་བཅས་ཡིན་པ་དང་འབྲེལ་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་གྲོས་མོལ་བྱེད་པའི་སྟེགས་བུ་གསར་པ་གཏན་འཁེལ་བྱས་པ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་དངོས་གཞི་མིན་པའི་ཚང་འཛོམས་གྲོས་ཚོགས་ཐོག་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་སྐོར་སྲིད་གཞུང་བར་གྲོས་མོལ་བྱེད་པ་དེས་སྒྱུར་བཅོས་ལས་དོན་ཚོགས་ཆུང་གི་ཚབ་བྱེད་པ་དེ་ཡིན། འོན་ཀྱང་གནད་དོན་གཏན་འཁེལ་བྱས་པ་དང་གྲོས་མོལ་བྱེད་སྟངས་འགྱུར་ལྡོག་བྱུང་བ་ལས་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་བྱ་རྒྱུ་དེ་སྔར་བས་སྟབས་བདེར་འགྱུར་མེད་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་བྱ་རྒྱུ་དང་འབྲེལ་བའི་གནད་དོན་ཆེ་གྲས་ལྔའི་ཐད་ཁོངས་ཞུགས་རྒྱལ་ཁབ་དབར་ཕྱོགས་འགལ་ཆེན་པོ་བྱུང་ཡོད།

        དཔེར་ན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་རིགས་ཁག་གནད་དོན་ཐད་ཁོངས་ཞུགས་རྒྱལ་ཁབ་ཀྱིས་འདོད་བློ་མང་པོ་བཏོན་ཡོད་པ་སྟེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་དང་ལས་འགན་རྒྱུན་འཛིན་མི་བྱེད་པའི་རྒྱལ་ཁབ་མང་དུ་གཏོང་བ་དང་ད་དུང་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་གསར་པར་ཆོད་སློག་དབང་ཆ་ཡོད་དགོས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་དང་ལས་འགན་རྒྱུན་འཛིན་མི་བྱེད་པའི་རྒྱལ་ཁབ་མང་དུ་གཏོང་བ་དང་འོན་ཀྱང་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་གསར་པར་ཆོད་སློག་དབང་ཆ་མེད་པ། ལས་འགན་རྒྱུན་འཛིན་མི་བྱེད་པའི་རྒྱལ་ཁབ་ཁོ་ན་མང་དུ་གཏོང་བ་དང་དེ་བཞིན་ཁོངས་ཞུགས་རྒྱལ་ཁབ་རིགས་གསུམ་པ་འཕར་འཛུགས་བྱེད་པའམ་ཡང་ན་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཀྱི་གདན་ཐོབ་གཏན་ནས་མེད་པར་བཟོ་བ་སོགས་ཡོད། གནད་དོན་ཆེ་གྲས་གཞན་དག་བཞི་པོའི་ཐད་ཀྱང་གོང་དང་མཚུངས་པའི་ཕྱོགས་འགལ་དང་ཁ་གཏད་དུ་ལངས་ཡོད་པ་རེད།

        ཕྱོགས་འགལ་དང་ཐ་ན་ཁ་གཏད་དུ་ལངས་པའི་གནས་ཚུལ་འོག་འཕྲལ་འགྲུབ་ཡོང་རེ་བྱེད་པ་ནི་དངོས་ཡོད་དང་མི་མཐུན་པ་ཞིག་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་བྱ་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་སྒྱུར་བཅོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཚང་མའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས་སྐྲ་ཉག་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་ཐུབ་པ་ལྟར་ཡིན། དེའི་ཕྱིར་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་བྱ་རྒྱུར་ངེས་པར་དུ “སྡེབ་གཅིག ”གི་ཐག་གཅོད་ཇུས་གཞི་བཀོད་དེ་ཁོངས་ཞུགས་རྒྱལ་ཁབ་ཚང་མའི་ཁེ་ཕན་དང་སེམས་ཁུར་བྱེད་སར་ལྟ་རྟོག་བྱེད་དགོས་པ་དང “གོམ་པ་རིམ་སྤོའམ ”ཡང་ན “སིལ་བུར་དབྱེ་ནས་ཐག་གཅོད་བྱེད་པ ”དང་ཐ་ན་སྒྱུར་བཅོས་བྱ་རྒྱུའི་དུས་ཚོད་རེའུ་མིག་མིའི་འདོད་བློ་ལྟར་བཟོས་ནས་བཙན་སྐུལ་བྱས་ཚེ་ཁོངས་ཞུགས་རྒྱལ་ཁབ་དབར་གྱི་ཕྱོགས་འགལ་དང་ཁ་གཏད་ལངས་པ་ཇེ་སྡུག་ཏུ་འགྲོ་བ་ལས་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་སྐོར་སྲིད་གཞུང་དབར་གྲོས་མོལ་བྱ་རྒྱུ་དེ་སྐྱོན་བྲལ་གྱི་ལམ་བུའི་ཐོག་གོང་འཕེལ་འགྲོ་རྒྱུར་ཕན་པ་མེད།

        སྲིད་གཞུང་དབར་གྲོས་མོལ་བྱ་རྒྱུ་དེ་གྲོས་གཞི་གྲོས་བསྡུར་བྱེད་པའི་དུས་རིམ་ལ་ད་དུང་གཏན་ནས་སླེབས་མེད་ནའང་ཚོགས་ཁོངས་རྒྱལ་ཁབ་ཁ་ཤས་ཀྱིས་ཞིབ་ཕྲའི་ཚིག་སྦྱོར་དང་གྲོས་གཞིར་དོན་མེད་དུ་རྩོད་གླེང་བྱེད་ཀྱི་ཡོད་པ་དེས་གྲོས་མོལ་གྱི་གྲོས་རིམ་ལ་སྐུལ་མ་གཏོང་བར་ཕན་པ་མེད། བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་བྱ་རྒྱུའི་མཚན་གཡར་ནས་འཛམ་གླིང་དམག་ཆེན་གཉིས་པའི་སྡོམ་ཚིག་དོགས་འདྲི་བྱ་རྒྱུའི་རེ་ངན་ལ་དེ་བས་དོགས་ཟོན་བྱེད་དགོས།

        ཕྱོགས་ཁག་གིས་སྒྱུར་བཅོས་བསམ་ཕྱོགས་སྔ་ཙམ་གཅིག་གྱུར་ཡོང་བར་བརྩོན་ལེན་བྱས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་ཀྱི་སྤྱིའི་བསམ་ཕྱོགས་དཔྱད་བསྡུར་བྱེད་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་ལས་བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་བྱ་རྒྱུ་དེ་སྒུག་ནས་སྡོད་རྒྱུ་མེད་ལ་དེ་བས་བྲེལ་འཚབ་བྱ་རྒྱུ་མེད་པའི་ར་སྤྲོད་བྱུང་ཡོད། བཙན་ཤེད་ཀྱིས་འཐུས་ཚང་མིན་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་ཇུས་གཞི་ཁོངས་ཞུགས་རྒྱལ་ཁབ་ལ་སྤེལ་ཐབས་བྱས་ན་མཇུག་འབྲས་དེ་འདོད་པ་ལས་འགལ་བ་ལས་གཞན་མེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།