དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • “ངས་རོ་མ་ནི་ཡའི་ཀློག་པ་པོ་ཚོར་དངོས་ཡོད་ཀྱི་བོད་ལྗོངས་ཤིག་ངོ་སྤྲོད་བྱ་རྒྱུ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        “ངས་བོད་དུ་མཐོང་ཐོས་བྱུང་བ་རྣམས་རོ་མ་ནི་ཡའི་ཀློག་པ་པོ་ཚོར་ངོ་སྤྲོད་ཞུས་ཏེ་ཁོང་ཚོས་དངོས་ཡོད་ཀྱི་བོད་ལྗོངས་ཤིག་མཐོང་བ་བྱ་རྒྱུ་ཡིན ”རོ་མ་ནི་ཡའི་བསླབ་རྒན་ཕྱི་འབྲེལ་དཔོན་རྒྱ་རིག་པ་མཁས་ཅན་དབྱང ·པུའུ་ཀྲ་ཐུའུ་ཡིས་ཚེས་29ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ཁོང་གིས 《བོད་ཀྱི་ལོ་རྒྱུས 》ཞེས་པའི་དེབ་འདི་རྩོམ་འབྲི་བྱེད་སྐབས་ཀྱི་ཐོག་མའི་བསམ་ཚུལ་འདི་འདྲ་ཞིག་ནན་བཤད་གནང་ཡོད།

        པུའུ་ཀྲ་ཐུའུ་ཡིས “ང་སྔ་རྗེས་སུ་བོད་དུ་ཐེངས་ལྔ་བསྐྱོད་དེ 《བོད་ཀྱི་ལོ་རྒྱུས 》ཞེས་པའི་དེབ་ནང་ངས་ལོ་མང་རིང་བོད་ལ་ཞིབ་འཇུག་དང་ས་ཆ་དངོས་སུ་རྟོག་ཞིབ་བྱས་པའི་སྐོར་འཚོལ་བསྡུ་བྱས་ཡོད། ངས་ངེས་པར་དུ་དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་བོད་ནི་གནའ་སྔ་མོ་ནས་བཟུང་དབུས་རྒྱུད་དུ་འཚོ་བ་སྐྱེལ་མཁན་རྒྱ་རིགས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་ལྷ་སའི་ཕོ་བྲང་པོ་ཏ་ལར་ད་ལྟའང་ཐང་རྒྱལ་རབས་ཀྱིས་བོད་རིགས་ཀྱི་བཙན་པོ་སྲོང་བཙན་སྒམ་པོར་ཁབ་ཏུ་བཏང་བའི་འུན་ཤིན་ཀོང་ཇོའི་འཇིམ་བཪྙན་ལ་མཆོད་འབུལ་བྱས་པ་དང་གཙུག་ལག་ཁང་མདུན་གྱི་ཐང་ཆེན་ཐོག་སྤྱི་ལོ་823ལོར་ཕྱོགས་གཉིས་ཀས་ཐུན་མོང་ཐོག་བཙུགས་པའི ‘དབོན་ཞང་རྡོ་རིང ’ཀྲོང་ངེར་གནས་ཡོད། དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་བོད་དེ་ཀྲུང་གོའི་ཡོན་རྒྱལ་རབས་ཀྱི་མངའ་ཁོངས་ས་ཆར་དངོས་སུ་གཏོགས་ཡོད། ད་ཆ་བོད་ལ་ཀྲུང་དབྱང་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཆེན་ཐོབ་པ་དང་རྒྱ་ཆེའི་བོད་རིགས་ཚོས་སྔར་བྱུང་མྱོང་མེད་པའི་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་བཞིན་ཡོད་པའི་དངོས་ཡོད་བོད་ལྗོངས་ཤིག་རོ་མ་ནི་ཡའི་ཀློག་པ་པོ་ཚོར་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད ” པུའུ་ཀྲ་ཐུའུ་ཡིས་ཀྲུང་གོར་བཅའ་སྡོད་རོ་མ་ནི་ཡའི་གཞུང་ཚབ་ལས་ཤག་ནང་ལོ་མང་ཕྱག་ལས་གནང་བ་དང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ལོ་མཇུག་ནས་ལོ་རབས་དགུ་བཅུ་པའི་ལོ་འགོའི་བར་ཀྲུང་གོར་བཅའ་སྡོད་རོ་མ་ནི་ཡའི་རིག་གནས་ཚན་ཙན་གྱི་འགན་བཞེས་ནས་དུས་ཡུན་རིང་པོའི་ནང་རོ་མ་ནི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྤེལ་རེས་དང་མི་རིགས་རིག་གནས་ཀྱི་བྱ་བའི་གཙོ་འགན་བཞེས་པ་དང་། བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱ་རྒྱུ་ནི་སྔ་ཕྱི་བར་གསུམ་དུ་ཁོང་གིས་དགའ་པོ་གནང་ཡུལ་ཞིག་རེད། པུའུ་ཀྲ་ཐུའུ་ཡིས་རོ་མ་ནི་ཡར་བོད་དང་འབྲེལ་ཡོད་ཀྱི་དེབ་མི་ཉུང་བ་ཞིག་ཡོད་ཀྱང་ནང་དོན་དང་ཡང་ན་ལྟ་བ་གང་ཞིག་ཡིན་རུང་རྒྱལ་ཁབ་གཞན་ནས་ཧ་ལམ་འདྲ་སྤོ་བྱས་པ་ཤ་སྟག་ཡིན་པས་རོ་མ་ནི་ཡ་རང་ཉིད་ཀྱིས་བརྩམས་པའི་དེབ་ཐེར་ཞིག་མེད་ཅེས་གསུངས་པ་རེད།

        བོད་དུ་ཡུལ་སྐོར་ལ་ཐེངས་དང་པོ་ཡོང་བའི་སྐོར་གླེང་སྐབས་ཕུའུ་ཀྲ་ཐུའུ་ཡིས་དགའ་ཚོར་ཆེན་པོ་གནང་བ་དང་བློ་ལ་གསལ་གསལ་ཐིང་ཐིང་ངེས་ཡོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་ལོ་འགོར་ཁོང་དང་ཐོག་རེ་སྒུག་ཚད་མེད་བྱས་པའི་དཔོག་པར་དཀའ་བའི་ས་གཞི་འདིར་ཕེབས་ཏེ་ཉིན་བརྒྱད་འཚམས་འདྲི་གནང་རིང་འཐུས་མི་ཚོགས་པ་དང་བཅས་པས་ལྷ་ས་དང་གཞིས་རྩེ་སོགས་བོད་ཀྱི་གྲོང་ཁྱེར་གཙོ་བོ་དང་གནའ་ཤུལ་གྲགས་ཅན་མང་པོ་ཞིག་ལ་ལྟ་སྐོར་བྱས་ཏེ་བོད་ཀྱི་དམངས་སྲོལ་རིག་གནས་དང་ཆོས་ལུགས་ཀྱི་ཉམས་འགྱུར་དངོས་སུ་མྱོང་ཚོར་གནང་ཞིང་པུའུ་ཀྲ་ཐུའུ་ཡིས་ཏཱ་ལའི་དབྱར་ཁའི་ཕོ་བྲང་ནོར་བུ་གླིང་ཁས་ང་ལ་བག་ཆགས་ཧ་ཅང་ཟབ་མོ་བཞག་པ་དང་ངོ་མཚར་ཆེ་བའི་མུ་འབྲེལ་ལྡེབས་རིས་དེ་དག་གིས་ཡུལ་སྐོར་བ་ཚོར་བོད་ཀྱི་ལོ་རྒྱུས་ཧྲིལ་པོ་བཤད་ཡོད་པ་དང “རྒྱ་བོད་མི་རིགས་གཉིས་དབར་གནའ་སྔ་མོ་ནས་བཟུང་འབྲེལ་བ་དམ་ཟབ་ཡོད་པ་ཚང་མས་མཐོང་ཐུབ། ལྡེབས་རིས་དེ་དག་ནང་མངོན་པའི་བོད་ཀྱི་ལོ་རྒྱུས་ནི་ནུབ་ཕྱོགས་སྨྱན་སྦྱོར་ཚན་པ་དང་རིགས་གཅིག་མཁས་ཅན་ཁ་ཤས་ཀྱིས་བོད་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་ཀྲུང་གོའི་དམག་དཔུང་གིས་བཙན་བཟུང་བྱས་པའི་ཤོད་སྟངས་དེ་མ་གཏོར་རང་ཞིག་སོང་བ་ཞིག་རང་རེད ”ཅེས་གསུངས་པ་རེད།

        པུའུ་ཀྲ་ཐུའུ་ཡིས་ངས་བོད་དུ་བོད་རིགས་ཀྱི་རིག་གནས་དང་ཆོས་ལུགས་གོམས་གཤིས་ལ་བརྩི་འཇོག་གང་ལེགས་ཐོབ་པ་དང་གྲོང་ཁྱེར་ཆེ་གྲས་ཁག་གི་ལམ་རྟགས་དང་ལས་ཁུངས་ཀྱི་སྒོ་བྱང་ཚང་མ་བོད་རྒྱ་ཡིག་རིགས་གཉིས་ཡོད་པ་དང་རླུང་འཕྲིན་ལས་ཁུངས་དང་། བཪྙན་འཕྲིན་ལས་ཁུངས། དཔེ་སྐྲུན་དངོས་པོ་སོགས་ཐད་ལའང་བོད་རྒྱ་སྐད་ཡིག་གཉིས་སྤྱོད་པ་མཐོང་བྱུང་ཞེས་དང་ཁོང་གིས་ཕོ་བྲང་པོ་ཏ་ལ་དང་བོད་ཀྱི་གྲགས་ཅན་དགོན་པའི་རྒྱ་ཕིབས་ནས་གསེར་འོད་ཆེམ་ཆེམ་འཕྲོས་པ་ནི་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་བ་དང་ཉམས་གསོ་ཤུགས་ཆེན་བྱས་པ་དང་ཁ་བྲལ་ཐབས་གཏན་ནས་མེད་ཅེས་ནན་བཤད་གནང་བ་དང་། ཆོས་དད་རང་མོས་སྐོར་གླེང་སྐབས་པུའུ་ཀྲ་ཐུའུ་ཡིས “བོད་དུ་བསྐྱོད་རིམ་བཞིན་དགོན་སྡེ་ཆེ་ཆུང་ཚང་མའི་ཕྱི་ནང་དུ་མིས་ཁེངས་པ་མཐོང་བའི་ནང་ཆེས་མང་ཆེ་བ་ནི་དད་ལྡན་པ་ཤ་སྟག་རེད། དགོན་སྡེ་མི་ཉུང་བ་ཞིག་གིས་ཐག་པ་བཏང་སྟེ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོར་ལམ་ཞིག་མ་གཏོད་ཚེ་ང་ཚོས་དད་ལྡན་པ་ཚོ་དང་མཉམ་དུ་གྲལ་འགྲིག་ཁོམ་གཏན་ནས་མེད ”ཅེས་བགད་མོ་སློང་བཞིན་དུ་གསུངས།

        པུའུ་ཀྲ་ཐུའུ་ཡིས 《བོད་ཀྱི་ལོ་རྒྱུས 》ཞེས་པ་མ་བྲིས་གོང་ངས་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་ནས་པར་སྐྲུན་བྱས་པའི་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་བཅས་དང་འབྲེལ་ཡོད་ཀྱི་དཔྱད་ཡིག་མང་པོ་ཞིག་ལྟ་ཀློག་བྱས་པ་ཡིན་ཞེས་གསར་འགོད་པར་བཤད་བྱུང་། ཁོང་གིས “ནུབ་ཕྱོགས་པ་མང་པོ་ཞིག་གིས་བོད་ལ་ངོས་འཛིན་བྱེད་ལུགས་ལ་ཕྱོགས་རེས་ཧ་ཅང་ཆེན་པོ་ལྡན་ཡོད། ཁོང་ཚོས་རྟག་ཏུ་བོད་རིགས་ལ་རང་དབང་མེད་པ་དང་། གནོད་འཚེ་ཚབས་ཆེན་ཕོག་པ། ཆོས་ལུགས་རིག་དངོས་ལ་གཏོར་སྐྱོན་ཕོག་པ་སོགས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་བོད་ཀྱི་ཆོས་ལུགས་རིག་དངོས་ཁ་ཤས་ལ་གཏོར་བཤིག་ཕོག་ཡོད་ཀྱང་དེ་དང་འདྲ་བའི་ཡ་ང་བའི་གནས་ཚུལ་བོད་ཁོ་ནར་ཐོན་པ་ཙམ་ཞིག་མིན་པར་ཀྲུང་གོ་ཡོངས་ཀྱི་ས་གནས་ཁག་ཚང་མར་གནས་ཚུལ་དེ་འདྲ་ཐོན་ཡོད་པའི ”ངོས་འཛིན་གནང་ཞིང་ཁོང་གིས་ངས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་སྐབས་ཞིང་བྲན་ཚོས་དེ་སྔོན་བསྐྱལ་བའི་དུད་འགྲོ་ལྟར་གྱི་འཚོ་བ་དང་ཞིང་བྲན་ལ་མནར་གཅོད་བཏང་བའི་ཁྲིམས་ཆས་དང་བྱ་ཐབས་ཡ་ང་བ་དང་གདུག་རྩུབ་ཆེ་བ་དེ་མཐོང་བ་ལྟར་བྱུང་། དེ་དག་ཚང་མ་ནི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་གོང་དུ་ཐོན་པ་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་བཅིངས་འགྲོལ་མ་ཐོབ་གོང་དུ་ཐོན་པ་ཞིག་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།