ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་ཨ་རིའི་ཁུན་ཉི་ཕི་ཡ་ཁེ་སློབ་ཆེན་གྱིས་ཡོངས་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་ཀྱི་འབྲས་བུ་ཞིག་གི་ཐོག་ནས་མངོན་པར་གཞིགས་ན། ཨ་རི་བ་མང་པོ་ཞིག་གིས་ལི་པི་ཡར་དམིགས་པའི་དམག་དོན་བྱ་སྤྱོད་ནང་ཨ་རི་ཞུགས་པར་ངོ་རྒོལ་བྱེད་པ་དང་ཕྱོགས་མཚུངས་ཨ་རིའི་ཙུང་ཐུང་ཨའོ་པ་མར་རྒྱབ་སྐྱོར་བྱེད་མཁན་ཉུང་ཤོས་སུ་སླེབས་ཡོད།
འདི་ཟླའི་ཚེས་22ནས་ཚེས་28ཉིན་བར་བྱས་པའི་བརྟག་དཔྱད་ནང་ནས་མངོན་པར་གཞིགས་ན། བཅར་འདྲི་དང་ལེན་བྱེད་མཁན་47%གྱིས་ལི་པི་ཡར་དམིགས་པའི་དམག་དོན་བྱ་སྤྱོད་ནང་ཨ་རི་ཞུགས་པར་ངོ་རྒོལ་དང་དེ་བྱིངས་དང་ལེན་བྱེད་མཁན་41%གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ད་རེས་དམག་དོན་བྱ་སྤྱོད་ལ་ཨའོ་པ་མས་ཞིབ་ཕྲའི་བཀོལ་སྤྱོད་བྱས་པར་མི་མང་པོ་ཞིག་གིས་ཡི་རངས་མི་བྱེད་པ་དང་བརྟག་དཔྱད་ཀྱི་ཐོག་ནས་མངོན་པར་གཞིགས་ན། བཅར་འདྲི་དང་ལེན་བྱེད་མཁན་58%ཀྱིས་ཨའོ་པ་མས་ད་རེས་ཀྱི་དམག་དོན་བྱ་སྤྱོད་ནང་ཨ་རིའི་དམིགས་ཡུལ་གསལ་པོ་བཤད་མེད་པའི་ངོས་འཛིན་དང་མི་61%གིས་ཨ་རིའི་དམག་མི་དེའི་ནང་ཞུགས་ན་འཆི་ཉེན་ཡོད་པས་ལི་པི་ཡར་རྡུང་རྡེག་གཏོང་བའི་དམག་དོན་བྱ་སྤྱོད “སྤེལ་རིན་མེད་པའི ”ངོས་འཛིན་བྱེད་ཀྱི་ཡོད།
བརྟག་དཔྱད་ཐོག་ནས་མངོན་པར་གཞིགས་ན། མིག་སྔར་ཨའོ་པ་མར་རྒྱབ་སྐྱོར་བྱེད་མཁན 42%དང་རྒྱབ་སྐྱོར་མི་བྱེད་མཁན་48%ཟིན་གྱི་ཡོད། བཅར་འདྲི་དང་ལེན་བྱེད་མཁན་ཕྱེད་ཀ་ཙམ་གྱིས་ཨའོ་པ་མར་ལས་གནས་སླར་ཡང་འཁུར་དུ་མི་འཇུག་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་སྟབས་ཨའོ་པ་མ་ལས་གནས་ཐོག་སླེབས་རྗེས་ཀྱི་རྒྱབ་སྐྱོར་བྱེད་མཁན་ཉུང་ཤོས་སུ་སླེབས་ཡོད།
ཁུན་ཉི་ཕི་ཡ་ཁེ་སློབ་ཆེན་གྱི་དམངས་འདོད་བརྟག་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་པེ་ཏི་པུའུ་ལང་གིས་ཨའོ་པ་མར་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་རྐྱེན་མང་པོ་ཡོད་མོད། འོན་ཏེ་གཙོ་བོ་ནི་སྲིད་གཞུང་གི་ནོར་སྲིད་མཚལ་ཡིག་དང་། དཔལ་འབྱོར། ཕྱི་འབྲེལ་སྲིད་ཇུས། སྨན་བཅོས་སྒྱུར་བཅོས་སོགས་ཀྱི་གནད་དོན་ལ་རྩོད་གཞི་བྱུང་བ་ཡིན་པའི་ངོས་འཛིན་གནང་བ་རེད།