མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་31ཉིན་བྱང་ཆིངས་ཀྱི་དྲུང་ཆེ་ལ་སི་མུའུ་སེན་གྱིས་སི་ཐོག་ཁོར་མོ་རུ་བྱང་ཆིངས་ཀྱིས་ལི་པི་ཡའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ཕྱོགས་ལ་གོ་མཚོན་དང་སྒྲིག་ཆས་མཁོ་འདོན་བྱེད་མི་སྲིད་ཅེས་བཤད། སུའེ་ཏེན་དུ་བཅར་འདྲི་བྱེད་བཞིན་པའི་ལ་སི་མུའུ་སེན་གྱིས་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་དབྱིན་ཧྥེའར་ཐེ་དང་འཚོགས་པའི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཐོག་གྲོས་འཆམ་བྱུང་བའི་ལི་པི་ཡར་གོ་མཚོན་སྐྱེལ་འདྲེན་བཀག་འགོག་བྱེད་པའི་གྲོས་ཆོད་ལག་བསྟར་བྱ་རྒྱུར་བྱང་ཆིངས་ཀྱིས་དོ་ཁུར་བྱ་རྒྱུ་ཡིན་པ་དང་སྐྱེལ་འདྲེན་བཀག་འགོག་བྱེད་པའི་དམིགས་ཡུལ་ནི་གོ་མཚོན་དང་སྒྲིག་ཆས་ལི་པི་ཡར་གཏོང་རྒྱུ་བཀག་འགོག་བྱེད་པའི་ཆེད་དུ་རེད་ཅེས་བཤད། ཁོང་གིས་བྱང་ཆིངས་ཀྱིས་ལི་པི་ཡར་བྱ་སྤྱོད་སྤེལ་བ་དེ་ནི “ལི་པི་ཡའི་མི་དམངས་ལ་སྲུང་སྐྱོབ་བྱ་ཆེད་ཡིན་པ་ལས་དེ་གའི་མི་དམངས་ལ་དྲག་ཆས་སྤྲོས་རྒྱུ་མིན་པ ”དེ་རེད་ཅེས་བཤད་པ་རེད།
ཀོ་ལིན་ཉི་ཀྲི་ཡི་དུས་ཚོད་ཟླ་3ཚེས་31ཉིན་གྱི་ཆུ་ཚོད་6པའི་ཐོག (པེ་ཅིང་དུས་ཚོད་ཆུ་ཚོད་14)བྱང་ཆིངས་ཀྱིས་ཨ་རིའི་ཕྱོགས་ནས་ལི་པི་ཡར་སྤྱོད་པའི་དམག་དོན་བྱ་སྤྱོད་བཀོད་འདོམས་དབང་ཆ་དངོས་སུ་རྩིས་ལེན་བྱས་པ་དང་འབྲེལ་མཚོ་ཐོག་དང་མཁའ་ཐོག་ལམ་ཐིག་གཉིས་སུ་སྒོ་ཀུན་ནས་བྱ་སྤྱོད་སྤེལ་བ་རེད། དེ་ཉིན་གྱི་ཕྱི་དྲོ་པུ་རུ་སེར་གྱི་བྱང་ཆིངས་སྤྱི་ཁྱབ་པུའུ་རུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བྱང་ཆིངས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་ལུན་ཅེ་སི་ཁུའུ་པེ་གཡོད་ཀྱིས་བྱང་ཆིངས་ཀྱིས “མཉམ་འབྲེལ་སྲུང་སྐྱོང་བྱེད་མཁན ”ཞེས་པའི་ཚབ་རྟགས་བཀོད་པའི་དམག་དོན་བྱ་སྤྱོད་ལག་བསྟར་བྱས་པ་དེས་ཧྥ་རན་སེ་དང་། དབྱིན་ཇི། ཨ་རི་སོགས་རྒྱལ་ཁབ་ཀྱིས་སྤེལ་བའི “ཨའོ་ཏེ་སའེ་ཡི་ཐོ་རེངས ”ཞེས་པའི་བྱ་སྤྱོད་ཀྱི་ཚབ་བྱས་པ་རེད། བྱང་ཆིངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་1873ལ་སྲུང་བརྩི་ཞུས་ནས་ལི་པི་ཡར་གོ་མཚོན་སྐྱེལ་འདྲེན་བཀག་འགོག་དང་། གནམ་གྲུ་འཕུར་མི་ཆོག་པའི་ཁུལ་འཛུགས་པ། མི་སེར་དང་མི་སེར་ཁུལ་སྲུང་སྐྱོབ་བཅས་བྱ་རྒྱུ་རེད། བྱང་ཆིངས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་མཚོ་དམག་གི་ཧྲང་ཅང་པའོ་ལ་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལི་པི་ཡའི་ས་ངོས་ཀྱི་དུས་བབ་ཧ་ཅང་ཪྙོག་འཛིང་ཆེ་བས་ལི་པི་ཡའི་འབྱུང་འགྱུར་ཐད་བྱང་ཆིངས་ཀྱིས་གཏན་འཁེལ་བྱེད་མི་སྲིད་ཅེས་བཤད་པ་རེད།