ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་རྒྱལ་སྤྱིའི་ངལ་རྩོལ་ལས་དོན་རྩ་འཛུགས་ཀྱིས་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་སྙན་ཞུ་སྤེལ་ནས་འཛམ་གླིང་གི་དར་རྒྱས་མེད་པའི་རྒྱལ་ཁབ་ཀྱིས་དཔལ་འབྱོར་འཕར་རྒྱུ་དེ་ཕྱིར་གཏོང་དམའ་རིམ་གྱི་ཐོན་ཟོག་ཁོ་ནར་མི་བརྟེན་པར་ཐོན་སྐྱེད་སྣ་མང་ཅན་ལ་གཙིགས་ཆེན་བྱེད་དགོས་ཞེས་བསྟན་པ་རེད།
《དར་རྒྱས་མེད་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་། ལས་ཞུགས། ངོ་སོ་ཐོན་པའི་ལས་དོན་བཅས་ཀྱི་གནས་ཚུལ 》ཞེས་པའི་སྙན་ཞུ་དེ་ཟླ་5ཚེས་9ནས་ཚེས་13ཉིན་བར་ཐུར་ཁེའི་དབྱི་སི་ཐན་པུའར་རུ་འཚོག་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་རྒྱས་མེད་པའི་རྒྱལ་ཁབ་ཀྱི་ཚོགས་འདུ་ཐེངས་བཞི་པར་གྲ་སྒྲིག་བྱས་པ་ཞིག་ཡིན། སྙན་ཞུའི་ནང “འདས་ཟིན་པའི་ལོ་བཅུའི་ནང་དར་རྒྱས་མེད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་ཚད་དེ་མཐོ་ཙམ་རྒྱུན་འཁྱོངས་བྱུང་མོད། འོན་ཀྱང་འཕར་ཆག་སླ་བའི་རྒྱུ་རྐྱེན་དེ་དཔལ་འབྱོར་འཕར་རྒྱུ་གཙོ་བོ་དམའ་རིམ་ཚོང་ཟོག་ཕྱིར་གཏོང་ལ་བརྟེན་པ་དང་སྣ་མང་ཅན་གྱི་ཐོན་ལས་གྲུབ་ཆར་མི་བརྟེན་པ་ལས་བྱུང་བ་ཞིག་ཡིན ”ཞེས་བསྟན་ཡོད།
སྙན་ཞུའི་ནང་དར་རྒྱས་མེད་པའི་རྒྱལ་ཁབ་ཀྱི་ངལ་རྩོལ་ནུས་ཤུགས་ཁྲོམ་རས་ཕྱོགས་སའི་འགྲན་སློང་གཙོ་བོ་ནི་དབུལ་པོ་མང་ཆེ་བར་མཁོ་འདོན་བྱེད་པའི་ལས་ཞུགས་དང་ངོ་སོ་ཐོན་པའི་ལས་དོན་དེ་ཡིན། 2000ལོ་ནས་2009ལོའི་བར་དར་རྒྱས་མེད་པའི་རྒྱལ་ཁབ་ཀྱི་ལས་ཞུགས་དེ་ཆ་སྙོམས་ལོ་རེར་2.9%འཕར་བ་དེ་མི་འབོར་འཕར་བའི་ཆུ་ཚད་ལས་མཐོ་ཙམ་ཡོད་མོད། འོན་ཀྱང་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་གྱི་འཕར་ཚད་ལས་དམའ་བ་ཡོད་པ་དེའི་ནང་གི་འཕར་ཆེ་ཤོས་དེ་ཞབས་ཞུའི་ཁྱབ་ཁོངས་སུ་གཅིག་སྡུད་བྱས་ཡོད་ཅེས་བསྟན་ཞིང་། སྙན་ཞུའི་ནང་ལས་ཞུགས་མང་དུ་ཕྱིན་ཡང་སྤྱི་ཚོགས་དང་དཔལ་འབྱོར་ཐད་ཕན་འབྲས་དེ་ཙམ་ཐོན་མེད་པ་དང་འབྲེལ་བཟོ་པ་ཕལ་ཆེ་བ་ད་དུང་དབུལ་པོ་ལས་སྒྲོལ་ཐུབ་མེད། གཞན་ཡང་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དང་སློབ་གསོ་དང་རྩལ་ནུས་དཀོན་པ་དེས་དཔལ་འབྱོར་འདི་ཉིད་དེ་བས་དོ་སྙོམས་དང་རྒྱུན་མཐུད་རང་བཞིན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་འགོག་རྐྱེན་བཟོས་ཡོད་ཅེས་བསྟན་ཡོད།