ཤིན་ཧྭ་གསར་འགྱུར་ཁང་ལུན་ཏུན་ནས་ཟླ་3 ཚེས་29 ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་ལུན་ཏུན་དུ་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཆེ་ལ་སི་མུའུ་སིན་གྱིས་ཆབ་སྲིད་ཀྱི་བྱ་ཐབས་སྤྱད་དེ་ལི་པི་ཡའི་གནད་དོན་ཐག་གཅོད་གང་མགྱོགས་བྱ་རྒྱུའི་རེ་འབོད་གནང་བ་རེད།
ལུན་ཏུན་དུ་འཚོགས་པའི་ལི་པི་ཡའི་རྒྱལ་སྤྱིའི་གནད་དོན་སྐོར་གྱི་ཚོགས་འདུའི་ཐོག་ལ་སི་མུའུ་སིན་གྱིས་ལི་པི་ཡའི་དམག་དོན་བྱ་སྤྱོད་དེ་ད་དུང་དུས་ཚོད་ག་ཚོད་བྱ་རྩིས་ཡོད་པ་ཚོད་རྩིས་བྱ་ཐབས་བྲལ་ནའང་དམག་དོན་བྱ་སྤྱོད་ཁོ་ནར་བརྟེན་ན་ལི་པི་ཡའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་ཅེས་གསུངས་ཤིང་། ཁོང་གིས་འབྲེལ་ཡོད་ཕྱོགས་ལ་ཆབ་སྲིད་ཀྱི་བྱ་ཐབས་སྤྱད་དེ་ཐག་གཅོད་བྱེད་པའི་ཇུས་གཞི་གང་མགྱོགས་བཟོ་རྒྱུའི་སྐུལ་འདེད་བཏང་གནང་བ་རེད།
ལ་སི་མུའུ་སིན་གྱིས “ང་ཚོས་ལི་པི་ཡར་དམག་དོན་བྱ་སྤྱོད་སྤེལ་བའི་དམིགས་ཡུལ་ནི་མི་སེར་ལ་སྲུང་སྐྱོབ་བྱས་ནས་འཇབ་རྒོལ་མི་ཕོག་པའི་ཆེད་དུ་ཡིན། ཡུན་རིང་དང་རྒྱུན་མཐུད་ཀྱི་ཇུས་གཞི་ཞིག་འཚོལ་ཞིབ་བྱས་ནས་ལི་པི་ཡའི་གདོང་ཐུག་ཐག་གཅོད་བྱེད་པའི་ཐད་ང་ཚོས་ཆབ་སྲིད་ཀྱི་བྱ་ཐབས་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས ”ཞེས་གསུངས་པ་རེད།
ཚེས་29 ཉིན་དབྱིན་ཇིའི་རྒྱལ་ས་ལུན་ཏུན་དུ་ལི་པི་ཡའི་གནད་དོན་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་དེ་འཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་། ཨ་རིའི་རྒྱལ་དོན་བློན་ཆེན་ཤིས་ལ་ལི། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཆེ་ལ་སི་མུའུ་སིན། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏུན། དབྱི་སི་ལམ་ཚོགས་འདུའི་རྩ་འཛུགས་ཀྱི་དྲུང་ཆེ་ཧོ་དབྱི་སང་ཨའོ་ལུའུ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་ཀྱི་འཐུས་མི་ 40 ལྷག་ཙམ་ད་རེས་ཀྱི་ཚོགས་འདུར་ཞུགས་ཡོད་པ་རེད། ཨུ་རུ་སུས་ལི་པི་ཡར་དམག་དོན་གྱི་བྱ་སྤྱོད་སྤེལ་བ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ནང་དབང་ཆ་སྤྲད་པའི་ཁྱབ་ཁོངས་ལས་བརྒལ་ཡོད་པའི་ངོས་འཛིན་བྱས་ནས་ད་རེས་ཀྱི་ཚོགས་འདུར་ཞུགས་མེད་པ་རེད།
ཟླ་3 ཚེས་29 ཉིན་དབྱིན་ཇིའི་རྒྱལ་ས་ལུན་ཏོན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ལི་པི་ཡའི་གནད་དོན་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་རེད། ལི་པི་ཡའི་གནད་དོན་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་དེ་ཉིན་དེ་རང་དུ་ལུན་ཏོན་དུ་འཚོགས་པ་དང་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་ཀྱི་འཐུས་མི་40 ལྷག་ཙམ་ཚོགས་འདུར་ཞུགས་ཡོད་ཅིང་། འཐུས་མི་ཚོས་ལི་པི་ཡའི་དུས་བབ་ཐད་གྲོས་མོལ་གནང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱ་ཚུལ་ལ་དཔྱད་དཔོག་བྱས་པ་མ་ཟད་ལི་པི་ཡའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་མ་གཏོང་རྒྱུའི་རེ་འབོད་ཀྱང་བྱས་པ།