རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པི་ཡར་དྲག་ཤུགས་སྤྱོད་མཚམས་འཇོག་དགོས་པའི་རེ་འབོད་བྱས་ནའང་ནུབ་ཕྱོགས་པས་ལི་པི་ཡར་དམག་དོན་གྱི་རྡུང་རྡེག་མུ་མཐུད་གཏོང་བར་བརྟེན་ལི་པི་ཡ་དེ་ཉིད་ནང་འཁྲུག་གི་གནས་སུ་ལྷུང་རྒྱུའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད།
དོན་དུ་ལི་པི་ཡའི་འགོ་ཁྲིད་ཁ་ཀྲ་ཕེས་ལོ་འགའི་ནང་ནུབ་ཕྱོགས་དང་ཉེ་པོ་བྱས་ཡོད་པ་སྟེ། 2003ལོར་གཞི་ཁྱོན་ཆེ་བའི་བསད་རྨས་རང་བཞིན་གྱི་མཚོན་ཆ་ཞིབ་བཟོ་མི་བྱེད་རྒྱུའི་ཁྱབ་བསྒྲགས་རང་འགུལ་ངང་བྱས་པ་དང་། ལུའོ་ཁེ་པིའི་གནམ་གྲུའི་གོད་ཆག་གི་འགན་འཁུར་ནས་གནོད་འཚེ་ཕོག་མཁན་ལ་གུན་གསབ་ཏུ་ཨ་སྒོར་དུང་ཕྱུར་27སྤྲད་པ། རྒྱལ་ནང་གི་རྡོ་སྣུམ་བཟོ་ལས་ཐད་ཡོ་རོབ་དང་ཨ་རིའི་མ་རྩ་འབོར་ཆེན་བཀུག་པ། ཧྥ་རན་སེ་དང་། དབྱི་ཐ་ལི། སི་ཕེན་སོགས་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་སིས་ལི་པི་ཡའི་རྡོ་སྣུམ་ཁྲོམ་ར་འབོར་ཆེན་བཟུང་བ་བཅས་དང་དེ་མིན་ཁ་ཀྲ་ཕེས་ད་དུང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུབ་ཕྱོགས་པའི་འཐབ་ཇུས་ལ་རང་འགུལ་ངང་གཞོགས་འདེགས་བྱས་ནས “རྟེན་གཞི ”སོགས་འཇིགས་སྐུལ་གྱི་རྩ་འཛུགས་དང་མཉམ་དུ་གནས་ཐབས་མེད་པའི་ཁྱབ་བསྒྲགས་ཀྱང་བྱས་ཡོད། གོང་གསལ་དེ་ལྟར་བྱས་ཡོད་ཀྱང་ནུབ་ཕྱོགས་ཀྱིས་ད་དུང་ཁ་ཀྲ་ཕེ་ཁས་ལེན་མི་བྱེད་པ་དང་ཐ་ན་འཆི་ལམ་དུ་སྐྱེལ་དོན་གང་ཡིན་ནམ།
མི་སྒེར་གྱི་ལྟ་ཚུལ་ཐོག་ནས་བཤད་ན། ཕྱི་འབྲེལ་གྱི་སྲིད་ཇུས་ཡམ་ཡོམ་ངེས་མེད་ལ་བརྟེན་ནས་གནས་བབ་གྲོགས་མེད་ཁེར་རྐྱང་ཆགས་པ་དེ་ནི་རྡུང་རྡེག་ཕོག་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན་པ་བསྙོན་མེད་རེད། སྔ་དུས་སུ་ཁ་ཀྲ་ཕེས་དྲག་ཤུགས་ཀྱི་བྱ་ཐབས་ལ་བརྟེན་ནས་ནུབ་ཕྱོགས་པར་འགོག་རྒོལ་བྱས་པའི་མཐར་ཕྱོགས་བཞི་མཚམས་བརྒྱད་ནས་དགྲར་ལངས་ཡོད། ཉེ་བའི་ལོ་ཤས་ནང་ཁོ་པས་རང་འགུལ་ངང་ནུབ་ཕྱོགས་ལ་ཉེ་པོ་བྱས་ཡོད་ཀྱང་བྱ་ཐབས་དེར་དེ་སྔའི་དཔུང་ཚོགས་ཀྱིས་ངོ་རྒོལ་བྱས་ཡོད། དེས་ན་ཨ་རབ་རྒྱལ་ཁབ་མང་པོར་ཁྱབ་པའི་ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་ཆབ་སྲིད་ཀྱི་ཡམ་ཡོམ་ནང་ནུབ་ཕྱོགས་པས་ཁ་ཀྲ་ཕེ་ནི “མི་དམངས་ལ་དྲག་གནོན་བྱེད་མཁན ”དཔེ་འོས་ཤིག་ཏུ་བརྩི་གི་ཡོད་པས་ནུབ་ཕྱོགས་ཀྱི་སྐྱོན་འཛུགས་ཕོག་པ་མ་ཟད་དམག་དོན་གྱི་རྡུང་རྡེག་ཀྱང་ཕོག་པ་རེད།
ལོ་རྒྱུས་ཐོག་ཨ་རབ་ཏུ་མི་རིགས་རིང་ལུགས་དར་ཆེ་བའི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་དྲུག་ཅུ་ནི་ཨ་རབ་ཀྱི་ཞིང་ཁམས་དེ་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེན་པོ་བྱུང་བ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པའི་དུས་སྐབས་ཤིག་རེད། ལོ་རབས་བདུན་ཅུ་པའི་དུས་དཀྱིལ་དང་དུས་མཇུག་ཏུ་ཨ་རབ་ཀྱི་མི་རིགས་རིང་ལུགས་ཉམས་རྒུད་དུ་ཕྱིན་ནས་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གནས་བབ་དང་དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ཚང་མར་འགྲན་སློང་འཕྲད་ཡོད། ཉེ་བའི་ལོ་ཤས་ནང་ཨ་རིས་ཨ་ཧྥུ་ཧན་དང་དབྱི་རག་ལ་སྔ་རྗེས་སུ་དམག་འཐབ་ཐེངས་གཉིས་བྱས་ནས་མདུང་རྩེ་དེ་ཐད་ཀར་དབྱི་སི་ལམ་གྱི་རྒྱལ་ཁབ་ལ་གཏད་ཡོད། ཉེ་བའི་ལོ་ཤས་ནང་དབྱི་སི་རལ་གྱིས་ཀྱང་ལེ་པ་ནོན་དང་ཕ་ལི་སི་ཐན་གྱི་ཅ་ཧྲ་རྒྱུད་སོ་སོར་གཞི་ཁྱོན་ཆེ་བའི་དམག་དོན་བྱ་སྤྱོད་སྤེལ་བར་ཨ་རབ་རྒྱལ་ཁབ་ག་བྱེད་འདི་བྱེད་མེད་པར་གྱུར་ཡོད། ནུབ་ཕྱོགས་རྒྱལ་ཁབ་ངོས་ནས་བཤད་ན། ཨ་རབ་རྒྱལ་ཁབ་ཀྱི་ད་ལྟའི་གནས་སྟངས་མཐའ་འཁྱོངས་སམ་ཡང་ན “དམངས་གཙོས ”ཨ་རབ་ཀྱི་རྒྱལ་ཁབ་གསར་པ་ཞིག་གཏོད་རྒྱུ་དེ་དེའི་འཐབ་ཇུས་ཀྱི་ཁེ་ཕན་དང་འཚམ་ཤོས་རེད། ཨ་རབ་ཀྱི་རྒྱལ་ཁབ་ཏུ་མི་འབོར་མང་པོ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པོ། ས་རྒྱ་ཆེན་པོ་བཅས་ཡོད་པས་ནམ་ཞིག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཚེ་ནུབ་ཕྱོགས་ཀྱི་རྒྱ་བསྐྱེད་གཏོང་ཤུགས་ལ་ཚོད་འཛིན་ཆེན་པོ་ཕོག་རྒྱུ་རེད།
ནུབ་ཕྱོགས་པའི་ཁེ་ཕན་ཆེན་པོ་དང་འབྲེལ་བ་ཡོད་སྟབས་ལི་པི་ཡར་ཧྥ་རན་སེ་དང་། དབྱིན་ཇི། ཨ་རི་སོགས་རྒྱལ་ཁབ་ཀྱིས་དམག་དོན་ཐེ་ཇུས་བྱས་ཡོད་ཅེས་བཤད་ཆོག་མོད། འོན་ཀྱང་དམག་འཁྲུག་ཛ་དྲག་ཏུ་སོང་བ་དང་དུས་བབ་ལ་འགྱུར་ལྡོག་ཕྱིན་པ་དང་ཆབས་ཅིག་ནུབ་ཕྱོགས་པའི་དམག་དོན་ཐེ་ཇུས་ཀྱི་ཆབ་སྲིད་དམིགས་ཡུལ་དེའང་དེ་རྩིས་ཀྱིས་རབ་རིབ་ཏུ་འགྱུར་རྒྱུ་རེད། འཇར་མན་གྱི 《ཚོང་འཕྲིན་ཚགས་པར 》ཐོག་ཉེ་ཆར་རྩོམ་ཡིག་ཅིག་སྤེལ་བའི་ནང་ལི་པི་ཡར་མི་སེར་མང་པོ་ཤི་རྨས་བྱུང་བ་དེའི་འགན་ཝ་ཧྲིང་ཐོན་དང་ཕ་རི་སི་དང་དེ་བཞིན་ཡོ་རོབ་རྒྱལ་ཁབ་གཞན་དག་ལ་ཡོད་པ་ཨ་རབ་རྒྱལ་ཁབ་ཀྱིས་སྐྱོན་འཛུགས་བྱས་ལུགས་བསྟན་ཡོད། མཁའ་ཐོག་ནས་རྒོལ་རྡུང་ཇི་ཙམ་བྱས་པ་དེ་རྩིས་ཀྱིས་ནུབ་ཕྱོགས་པར་རྒོལ་གཏམ་ཕོག་ཤུགས་ཆེ་རུ་འགྲོ་རྒྱུ་རེད། རྒྱལ་ཁབ་དང་ས་ཁུལ་གྱི་རྩ་འཛུགས་འགས་ལི་པི་ཡའི་ཉེན་ཚབས་སེལ་རྒྱུར་དགེ་མཚན་ལྡན་པའི་ལྟ་ཚུལ་དང་གྲོས་འགོ་བཏོན་པར་བརྡ་ལན་ཡག་པོ་མ་ཞུས་ཚེ་ཞི་བདེ་ཡོང་བའི་གོ་སྐབས་དེ་སྐད་ཅིག་ཙམ་ལ་ཤོར་རྒྱུ་རེད། གལ་ཏེ་ལི་པི་ཡ་ནང་འཁྲུག་ནང་ལྷུངས་ཚེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཞག་པའི་ཐོག་མའི་བསམ་འདུན་དང་རྒྱབ་འགལ་ཆགས་ཏེ་ལི་པི་ཡ་བའི་ཁེ་ཕན་ཤོར་རྒྱུ་ཡིན་ལ་ནུབ་ཕྱོགས་པའི་ཁེ་ཕན་དང་ཡང་མི་འཚམ་པ་ཆགས་རྒྱུ་རེད།