མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་བར་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དུ་གནས་པའི་སྤྱི་ལེ་30ཕུད་པའི་ས་ཁུལ་ཚང་མར་འགྱེད་འཕྲོའི་ཉེན་ཁ་མེད་ཅེས་བཤད་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཐབས་ལམ་སྣ་མང་གི་ཐོག་ནས་ཐོབ་པའི་ཆ་འཕྲིན་ལས་རྒྱལ་ཁབ་མང་པོ་ཞིག་གིས་འགྱེད་འཕྲོའི་དངོས་པོ་ཕྲན་བུ་ཞིབ་དཔྱད་ཐུབ་པ་མངོན་མོད། འོན་ཀྱང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རི་པིན་ཕུད་པའི་རྒྱལ་ཁབ་གཞན་དུ་མིག་སྔའི་བར་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་ནས་ཐོན་པའི་འགྱེད་འཕྲོའི་ཉེན་ཁ་ཡོང་མི་སྲིད་ཅེས་བསྐྱར་བསྒྲགས་བྱས་པ་རེད།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་རི་པིན་དཔལ་འབྱོར་ཐོན་ལས་ཧྲེང་རྡུལ་ཕྲན་ནུས་པའི་བདེ་འཇགས་བདེ་སྲུང་ཁང་གིས་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་འཕྲུལ་ཙུའུ་དང་པོ་དང་བཞི་པའི་ཆུ་བཤངས་འགྲམ་གྱི་རྒྱ་མཚོའི་ཆུར་ཞིབ་དཔྱད་བྱེད་སྐབས་གར་ཚད་དེ་ཁྲིམས་གཏན་འཁེལ་བའི་གྲངས་ཚད་ཀྱི་ལྡབ་3355ཡི་འགྱེད་འཕྲོའི་ཏན་131ལས་བརྒལ་ཡོད། དེ་ནི་ད་བར་ཞིབ་དཔྱད་ཐུབ་པའི་གྲངས་གཞི་མཐོ་ཤོས་དེ་ཡིན། ཚེས་26ཉིན་གྱི་ཕྱི་དྲོ་ཞིབ་དཔྱད་བྱས་རྗེས་དེའི་གར་ཚད་དེ་ལྡབ་1850ཡིན་པ་དང་དེ་རྗེས་རིམ་གྱིས་ཆག་ཡོད། ཚེས་28ཉིན་གྱི་ཕྱི་དྲོ་ལྡབ་28བར་ཆག་པ་དང་དེ་རྗེས་སླར་ཡང་མཐོ་རུ་ཕྱིན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཤིང་། རྡུལ་ཕྲན་ནུས་པའི་བདེ་འཇགས་བདེ་སྲུང་ཁང་གིས་ཉིང་རྡུལ་གློག་ཁང་གི་ཆུ་ཐབས་གཞན་གྱི་ཐོག་ནས་རྒྱ་མཚོར་རྒྱུགས་བཟོ་ཡོད་པས “བྱེད་ཐབས་སྤྱད་དེ་འཁྱིལ་ཆུ་སོགས་དངོས་པོ་ཤོར་རྒྱུ་འགོག་དགོས ”ཞེས་བསྟན་ཡོད།
ཚེས་30ཉིན་གཞུང་དོན་ཁང་གི་འགོ་འཛིན་ཀྲེ་ཡེ་ཤིན་ནན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག “རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཁྲོད་ཀྱི་འབར་རྫས་རྒྱུག་པའི་དྲོད་ཚད་བལྟོས་བཅས་ཐོག་བརྟན་པོ་ཡོང་བར་ད་དུང་དུས་ཚོད་ངེས་ཅན་ཞིག་དགོས ”ཞེས་བཤད་པ་རེད། ཚེས་30ཉིན་ཏུང་ཅིང་གློག་ཤུགས་ཀུང་སིའི་ཏུང་ཧྲེ་ཀྲང་ཧྲེང་ཡུས་ཧོང་ཅིའུ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོ་ནས་ཉིང་རྡུལ་ཤོར་བའི་དོན་རྐྱེན་ཐོན་རྗེས་འཕྲུལ་ཙུའུ་དང་པོ་དང་བཞི་པའི་ད་ལྟའི་གནས་ཚུལ་ལ་བལྟས་ན་བེད་མེད་དུ་མི་འཇོག་ཀ་མེད་རེད་ཅེས་བརྗོད་ཅིང་། ཀྲེ་ཡེ་ཤིན་ནན་གྱིས་དེ་ཉིན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུའང་གནས་ཚུལ་ཞི་ལྷོད་སོང་རྗེས་འཕྲུལ་ཙུའུ་ཨང་ལྔ་པ་དང་དྲུག་པ་ཡང་བེད་མེད་དུ་འགྱུར་རྒྱུ་རེད་ཅེས་བཤད་པ་རེད། ཧྲེང་ཡུས་ཧོང་ཅིའུ་ཡིས་ད་དུང་ཉིང་རྡུལ་གློག་ཁང་གི་ལས་འཛོལ་ཐད “གློག་ཁང་འབར་བ་དང་འགྱེད་འཕྲོའི་དངོས་པོ་ཤོར་བ་སོགས་ཀྱིས་ཚང་མར་བདེ་འཇགས་མེད་པ་དང་། སེམས་ཁྲལ། ཪྙོག་དྲ་བཅས་བཟོས་པར་དགོངས་པ་མ་ཚོམ་ཞུ་རྒྱུ་ཡིན ”ཞེས་བཤད་པ་རེད།