ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཧྥ་རན་སེའི་རིགས་གཅིག་མཁས་ཅན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཧྥ་རན་སེ་དང་། དབྱིན་ཇི། ཨ་རི་སོགས་རྒྱལ་ཁབ་ཀྱིས་དམིགས་ཡུལ་མི་འདྲ་བ་བཅངས་ནས་ལི་པི་ཡའི་དུས་བབ་ལ་དམག་དོན་ཐེ་ཇུས་བྱས་པ་དང་། བྱ་སྤྱོད་ཀྱི་དམིགས་ཚད་དང་མཉམ་ཞུགས་བྱེད་ཚད་ཀྱང་མི་འདྲ་བར་བརྟེན་མིག་སྔར་ལི་པི་ཡའི་དུས་བབ་དེ་ཇི་ལྟར་མཇུག་སྒྲིལ་རྒྱུར་ཚོད་དཔག་བྱེད་དཀའ་ནའང་དམག་དོན་ཐེ་གཏོགས་ཀྱིས་ལི་པི་ཡའི་ཉམས་ཉེན་ཐག་གཅོད་བྱེད་ཐབས་མེད་པ་གཏན་འཁེལ་ཞེས་བསྟན་པ་རེད།
ཕ་རི་སི་ཆབ་སྲིད་སློབ་གླིང་གི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་པེ་ཐེ་ལང ·པ་ཏིས་བཅར་འདྲི་དང་ལེན་བྱེད་སྐབས་ཧྥ་རན་སེ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་གཟུགས་བཪྙན་བསྐྱར་དུ་བསྐྲུན་པར་དམིགས་པ་དང་དེ་བཞིན་ནང་སྲིད་རྒྱུ་རྐྱེན་ལས་ལི་པི་ཡར་དམག་དོན་ཐེ་ཇུས་བྱེད་པའི་དུས་བབ་ཀྱི་དར་ཆེན་ཕྱར་ནའང་བྱ་སྤྱོད་མ་སྤེལ་གོང་ཡོ་རོབ་མནའ་འབྲེལ་གྱི་རོགས་ཟླ་གཙོ་བོ་ཁ་ཤས་དང་གྲོས་མོལ་ཁྱོན་ཡོངས་ནས་བྱས་ཏེ་དམག་དོན་བྱ་སྤྱོད་ཁྲོད་ཀྱི་བྱང་ཆིངས་ཀྱི་གནས་བབ་གནད་དོན་གཏན་འཁེལ་བྱས་མ་ཐུབ་པས་བྱ་སྤྱོད་ཀྱི་ཆབ་སྲིད་མཛུབ་ཁྲིད་མི་གསལ་བར་གྱུར་ནས་སླད་ཕྱིན་གྱི་ལི་པི་ཡའི་དུས་བབ་ཀྱི་འཕེལ་ཕྱོགས་ཐད་མི་རྣམས་སེམས་ཁྲལ་གྱི་གནས་སུ་ལྷུང་ཡོད་ཅེས་བསྟན་པ་རེད།
པ་ཏིས་དམག་དོན་བྱ་སྤྱོད་ཀྱི་དམིགས་ཚད་དེ་འཕུར་སྐྱོད་བཀག་སྡོམ་ཁུལ་འཛུགས་པ་ནས་ཁ་ཀྲ་ཧྥེའི་སྲིད་དབང་མགོ་རྟིང་སློག་པའི་བར་འཕེལ་བ་ནི་འགྱུར་ལྡོག་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པ་དང་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལྡོག་ཕྱོགས་ཀྱི་བག་ཆགས་ཐེབས་ངེས་པ་སྟེ། ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཀྱིས་དྲག་ཤུགས་སྤྱད་དེ་བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཏུ་སོ་སོའི་ཁེ་ཕན་དང་མཐུན་པའི་མགྲིན་ཚབ་པ་ཞིག་གདམ་རྒྱུ་དེ་རེད། ལོ་རྒྱུས་ཐོག་རྒྱལ་ཁབ་གང་རུང་ཞིག་གི་དམངས་གཙོའི་སྲིད་དབང་དེ་ཕྱི་རྒྱལ་གྱི་དམག་དོན་ཐེ་གཏོགས་ལ་བརྟེན་ནས་བཙུགས་པ་ཞིག་ད་དུང་མེད་ཅིང་། དེའི་ཐད་ཁ་ཀྲ་ཧྥེས “རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་པ ”ལ་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་རེད་ཅེས་བཤད་པ་རེད།
ཧྥ་རན་སེའི་རྒྱལ་སྤྱིའི་འཐབ་ཇུས་འབྲེལ་བ་ཞིབ་འཇུག་ཁང་དབུས་ཤར་གནད་དོན་གྱི་རིགས་གཅིག་མཁས་ཅན་ཁ་ལི་མུའུ ·པི་ཐའར་གྱིས་ཧྥ་རན་སེས་དེ་སྔོན་ཐུ་ནི་སི་དང་ཨེ་ཅིབ་གཉིས་ཀྱི་དུས་བབ་ལ་ཁ་གཏད་གཅོག་སྐབས་བྱུང་བའི་ཕྱི་འབྲེལ་ནོར་འཛོལ་ལ་གུན་གསབ་བྱ་ཆེད་ལི་པི་ཡའི་དུས་བབ་ལ་ཐེ་གཏོགས་བྱེད་པའི་གནད་དོན་ཐད་དཔའ་རྩལ་གང་ཡོད་འདོན་རྒྱུའི་ཐག་བཅད་པ་རེད། འོན་ཀྱང་དམག་འཁྲུག་དེ་གཉིས་ཁྲོད་ལྷུང་བའི་ཨ་རིས་དབྱི་སི་ལམ་རྒྱལ་ཁབ་དང་འགལ་བ་ཟབ་ཏུ་མི་འགྲོ་ཆེད་ལི་པི་ཡར་དམག་དོན་བྱ་སྤྱོད་སྤེལ་བའི་ཁྲོད་ཧྥ་རན་སེ་དང་དབྱིན་ཇི་རྒྱལ་ཁབ་གཉིས་མདུན་སར་བསྐྱོད་རྒྱུར་ཤུགས་སུ་བསྟན་ནའང་ཨ་རི་ལ་སྔར་བཞིན་མཐར་ཐུག་གི་སྐད་ཆ་ཤོད་དབང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།