ཤིན་ཧྭ་གསར་འགྱུར་ཁང་ཁ་པུར་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་ཨ་ཧྥུ་ཧན་རྒྱལ་ཁབ་གསང་འཕྲིན་སྡེ་ཚན་གྱིས་འདས་ཟིན་པའི་ཉིན་10ཡི་ནང་གསང་འཕྲིན་པས་འཇིགས་སྐུལ་པ་10འཛིན་བཟུང་བྱས་པའི་ཁྲོད་རང་ལྕེབས་རྣམ་པའི་ཇུས་འགོད་ལག་བསྟར་བྱེད་མཁན་གྱི་འཇིགས་སྐུལ་པ་3ཚུད་ཡོད་པའི་ཁྱབ་བསྒྲགས་བྱས་པ་རེད།
ཨ་ཧྥུ་ཧན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་མགྲིན་ཚབ་པ་མ་ཧྲ་ལེ་ཡིས་ཉིན་དེར་རྒྱལ་ས་ཁ་པུར་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག “འདས་ཟིན་པའི་ཉིན་10ཡི་ནང་ང་ཚོས་འཇིགས་སྐུལ་པ་10འཛིན་བཟུང་བྱས་པའི་ཁྲོད་རང་ལྕེབས་རྣམ་པའི་ཇུས་འགོད་ལག་བསྟར་བྱེད་མཁན་གྱི་འཇིགས་སྐུལ་པ་3ཚུད་ཡོད ”ཅེས་བཤད་པ་རེད།
མ་ཧྲ་ལེ་ཡིས་དེའི་ཁྲོད་ཀྱི་འཇིགས་སྐུལ་པ་གཅིག་གི་མིང་ལ་ཨ་ཧྥ་ནུའུ་ལ ·སི་ཕན་ཟེར་བ་དང་ལོ་20ཙམ་རེད། ཁོ་པས་སྔོན་དུ་གསར་འགོད་པར་བརྫུས་ནས་འཇིགས་གཏུམ་འཇབ་རྒོལ་གྱི་བྱེད་སྒོའི་ནང་ཐེངས་མང་ཞུགས་པའི་ཁྲོད་ཐ་ལི་པན་དྲག་ཆས་མི་སྣའི་ངན་སྐུལ་འོག་ལམ་འགྲམ་དུ་འབར་རྫས་སྦས་མྱོང་བ་སོགས་ཚུད་ཡོད་ཅེས་བཤད་པ་རེད།
མ་ཧྲ་ལེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འཇིགས་སྐུལ་པ་10ཡི་ཁྲོད་མི་གཉིས་ཀྱིས་འཇིགས་གཏུམ་འཇབ་རྒོལ་ཐེངས་མང་སྒྲིག་འཛུགས་བྱས་མྱོང་བའི་ནང་འདི་ལོ་ཟླ་1ཚེས་7ཉིན་ཨ་ཧྥུ་ཧན་གྱི་ལྷོ་རྒྱུད་ཁན་ཏ་ཧ་ཞིང་ཆེན་སི་ཕིང་པུའར་ཏ་ཁེ་ས་ཁུལ་གྱི་སྤྱི་པའི་འཁྲུད་ཁང་ནང་རང་ལྕེབས་རྣམ་པའི་འཇབ་རྒོལ་བྱས་པ་ཚུད་ཡོད་ཅིང་། འཇབ་རྒོལ་དེའི་ནང་མི་17རྐྱེན་ལམ་དུ་སོང་བ་དང་མི་23ལ་རྨས་སྐྱོན་ཕོག་ཡོད་པ་རེད།