དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཧན་གོས“ས་མཚམས་ནས་བརྒལ་བའི”ཁྲའོ་ཞན་གྱི་ཉ་པ་27ཁྲའོ་ཞན་ལ་ཕྱིར་སྤྲོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཧྲོའར་ནས་གློག་འཕྲིན་འབྱོར་གསལ། ཟླ་བ་གོང་མར “བྱང་ཕྱོགས་ནས་ས་མཚམས་བརྒལ་ཏེ ”ཧན་གོའི་ས་ཆར་འཛུལ་བའི་ཁྲའོ་ཞན་གྱི་ཉ་པ་27 གོང་ཚེས་ཉིན་ཧན་གོས་མཚོ་ཐོག་བརྒྱུད་ཁྲའོ་ཞན་ལ་ཕྱིར་སྤྲོད་བྱས་པ་རེད།

        ཧན་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་ཁྲའོ་ཞན་གྱི་ཉ་པ་27དེ་དག་ཉིན་དེའི་ཉིན་དགུང་དུ་ཧན་གོའི་མཚོ་དམག་གྲུ་གཟིངས་ཀྱི་སྲུང་སྐྱེལ་འོག “བྱང་ཕྱོགས་ས་མཚམས ”ཀྱི་ཡན་ཕིང་ཏའོ་ཉེ་འདབས་ནས་ཁོང་ཚོས “ས་མཚམས་བརྒལ ”སྐབས་བཏང་ཡོང་བའི་ཉ་གྲུར་བླུགས་ཏེ་ཁྲའོ་ཞན་གྱི་ས་ཆར་བསྐྱལ་བ་དང་འབྲེལ་ཉེན་རྟོག་པའི་གྲུ་གཟིངས་ཀྱིས་བསུས་ཡོད་ལུགས་བཤད་ཡོད།

        སྔོན་གྱི་འཆར་གཞི་ལྟར་ན། ཧན་གོ་སྲིད་གཞུང་གིས་ཚེས་17ཉིན་ཁྲའོ་ཞན་གྱི་ཉ་པ་27དེ་དག་ཕྱིར་སྤྲོད་བྱ་རྩིས་ཡོད་ཀྱང་སྐབས་དེར་ཁོང་ཚོ་བླུགས་པའི་གྲུ་གཟིངས་ལ་སྐྱོན་ཤོར་ནས་འཆར་གཞི་དེ་ནར་འགྱངས་མི་བྱེད་ཀ་མེད་བྱུང་ཡོད་པ་རེད།

        གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་བ་མི་31གིས་ཟླ་2ཚེས་5ཉིན་གྲུ་བཏང་ནས་ཉ་བཟུང་བར་སྐྱོད་སྐབས་སྨུག་པས་བསྒྲིབས་ནས་ཁ་ཕྱོགས་འཛོལ་ཏེ་ཧན་གོ་ཕྱོགས་ཀྱིས་གཏན་ལ་ཕབ་པའི “བྱང་ཕྱོགས་ཀྱི་ས་མཚམས ”ལས་བརྒལ་དགོས་བྱུང་རྗེས་ཧན་གོས་བཀག་ཉར་བྱས་པ་ཞིག་རེད། མི་31གི་ཁྲོད་ནས་མི་4ཁྲའོ་ཞན་ལ་ལོག་འདོད་མ་བྱས་པར་བརྟེན་ཧན་གོས་ཕྱིར་སློག་བྱས་མེད་པ་དང་དེ་བྱིངས་ཀྱི་མི་27རྣམས་ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་ལ་སྐྱེལ་འདོད་ཡོད་མོད། འོན་ཏེ་ཁྲའོ་ཞན་ཕྱོགས་ཀྱིས་ཧན་གོར་ཆ་རྐྱེན་གང་ཡང་མེད་པར་ཁྲའོ་ཞན་བ་ཚང་མ་དང་གྲུ་ཕྱིར་སྤྲོད་བྱེད་དགོས་པའི་རེ་བ་མཐའ་གཅིག་ཏུ་བཏོན་ཡོད།

        ཟླ་3ཚེས་4དང་ཚེས་7ཉིན་ཧན་གོ་ཕྱོགས་ཀྱིས་སྔ་རྗེས་སུ་པན་མེན་ཏན་བརྒྱུད་ཁྲའོ་ཞན་བ་27ཕྱིར་སྐྱེལ་བྱས་ཡོད་ཀྱང་ཁྲའོ་ཞན་ཕྱོགས་ཀྱིས་རྩིས་བླངས་མེད་ལུགས་བཤད་ཡོད། ཧན་གོ་གཅིག་གྱུར་པུའུ་ཡིས་ཚེས་15ཉིན་ཁྲའོ་ཞན་གྱིས་ཉིན་དེ་གར་ཧན་གོ་ཕྱོགས་ལ་བརྡ་ཐོ་བཏང་སྟེ་སྔོན་ལ་ཁྲའོ་ཞན་གྱི་ཉ་པ་27ཕྱིར་སྐྱེལ་རྒྱུར་མོས་མཐུན་བྱས་ཡོད་ལུགས་བཤད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།