མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏ་མ་སི་ཁུ་ནས་ཟླ་3 ཚེས་27 ཉིན་གློག་འཕྲིན་འབྱོར་གསལ། སི་རི་ཡའི་ཕྱི་འབྲེལ་དཔོན་མུའུ་ཨ་ལི་མུའུ་ཡིས་ཚེས་27 ཉིན་རྒྱལ་ས་ཏ་མ་སི་ཁུ་རུ་དབུས་ཤར་ཁུལ་གྱི་གནད་དོན་གྱི་ཀྲུང་གོའི་ཆེད་མངགས་ཕོ་ཉ་ཝུའུ་སི་ཁོ་དང་མཇལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བ་དང་དབུས་ཤར་ཁུལ་གྱི་ཞི་བདེའི་འཕེལ་རིམ་དང་ས་ཁུལ་གྱི་དུས་བབ་སོགས་ཐད་ཀྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གནང་བ་རེད། སི་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧྭ་ཤིན་དང་སི་རི་ཡའི་ཕྱི་འབྲེལ་དཔོན་གཞོན་པ་ཨ་ནུའུ་སི་སོགས་མཉམ་དུ་ཕེབས་ཡོད་པ་རེད།
ཝུའུ་སི་ཁོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་དབུས་ཤར་ཁུལ་གྱི་དུས་བབ་ཟང་ཟིང་དེས་དབུས་ཤར་ཁུལ་གྱི་ཞི་བདེའི་འཕེལ་རིམ་ལ་ཤུགས་རྐྱེན་ཕོག་པར་ཚད་མཐོའི་དོ་ཁུར་བྱས་ནས་ཀོ་ལན་ས་མཐོའི་གནད་དོན་ཚུད་པའི་དབུས་ཤར་ཁུལ་གྱི་ཞི་བདེའི་འཕེལ་རིམ་དེ་ས་ཁུལ་གྱི་དུས་བབ་ཀྱི་འགྱུར་ལྡོག་གསར་པས་རྐྱེན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྣང་མེད་དུ་འཇོག་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད། སི་རི་ཡ་དང་དབྱི་སི་རལ་དབར་ཞི་བའི་གྲོས་མོལ་བྱ་རྒྱུ་དེ་ནི་དབུས་ཤར་ཁུལ་གྱི་ཞི་བདེའི་འཕེལ་རིམ་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་གིས་ཟོལ་མེད་ངང་འགོག་རྐྱེན་ཁྱད་བསད་བྱས་ཏེ་དབུས་ཤར་ཁུལ་གྱི་ཞི་བདེའི་འཕེལ་རིམ་དེ་དགེ་མཚན་ལྡན་པའི་ཕྱོགས་སུ་སྔ་ཙམ་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།