ད་ལོའི་ཟླ་བ་གཉིས་པའི་ཟླ་དཀྱིལ་དུ་ལི་པི་ཡའི་དུས་བབ་རྒྱུན་ཆད་མེད་པར་སྡུག་ཏུ་ཕྱིན་སྟབས་རང་རྒྱལ་སྲིད་གཞུང་གིས་དཀའ་གནད་ཁྲོད་ལུས་པའི་ལི་པི་ཡར་ཡོད་པའི་ཀྲུང་གོའི་ཕྱོགས་ཀྱི་མི་སྣ་འཕྲལ་དུ་ཕྱིར་འཐེན་བྱ་རྒྱུ་སྒྲིག་འཛུགས་བྱས་ཤིང་། ད་རེས་ཀྱི་ཕྱིར་འཐེན་བྱ་སྤྱོད་ནི་ཀྲུང་གོ་གསར་པ་བཙུགས་ཚུན་རང་རྒྱལ་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་ཕྱི་རྒྱལ་ནས་ཀྲུང་གོའི་སྤྱི་དམངས་ཕྱིར་འཐེན་བྱེད་པའི་གཞི་ཁྱོན་ཆེ་ཤོས་ཀྱི་བྱ་སྤྱོད་ཅིག་རེད། ཟང་ཟིང་ཁྲོད་ལུས་མྱོང་བའི་རང་རྒྱལ་དུ་ཕྱིར་ལོག་བྱེད་མཁན་ཚོའི་ད་ལྟ་གཟུགས་པོའི་གནས་ཚུལ་གང་འདྲ་ཡོད་དམ། སེམས་ལྷོད་པོར་གནས་ཡོད་དམ། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་གང་འདྲ་ཡོད་དམ། གནད་དོན་དེ་དག་ཐད་གསར་འགོད་པས་ལི་པི་ཡ་ནས་རང་རྒྱལ་དུ་ཕྱིར་འཐེན་བྱེད་མཁན་ཅུང་མང་བའི་ཁེ་ལས་ཁ་ཤས་ལ་རྗེས་སྙེགས་བཅར་འདྲི་བྱས་པ་ཡིན།
ཟླ་3ཚེས་1ཉིན་ཀྲུང་གོ་རྡོ་སྣུམ་ལྕགས་རི་རིང་པོ་གསོར་འབིགས་རྩད་ཞིབ་ཀུང་སིའི་ལི་པི་ཡར་ཡོད་པའི་ལས་བཟོ་81ཚང་མ་བདེ་འཇགས་ངང་ཕྱིར་འཐེན་བྱས་ཤིང་ཀུང་སིས་ལས་བཟོ་ཡོངས་རྫོགས་གཟུགས་པོའི་བདེ་ཐང་བརྟག་དཔྱད་ནང་ཞུགས་རྒྱུ་བཀོད་སྒྲིག་བྱས་པ་དང་བརྟག་དཔྱད་འབྲས་བུའི་ཐོག་ནས་ལས་བཟོ་81ཚང་མར་དམག་འཁྲུག་གི་གནས་ཚུལ་ཁྲོད་རྨས་སྐྱོན་གཅིག་ཀྱང་ཕོག་མེད་པ་མངོན་པ་དང་ཀུང་སིས་ཕྱིར་འཐེན་བྱས་པའི་ལས་བཟོ་ཚོར “ཐོལ་བྱུང་དོན་རྐྱེན་གྱི་སེམས་ཁམས་ཀྱི་ལམ་སྟོན་སློབ་ཁྲིད ”ཀྱི་ཆེད་དོན་བཤད་ཁྲིད་སྒྲིག་འཛུགས་བྱས་པ་དང་ལི་པི་ཡ་ནས་ཕྱིར་འཐེན་བྱས་པའི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་ད་དུང་ཀུང་སིས་རང་རྒྱལ་དུ་ཕྱིར་ལོག་བྱས་པའི་ལས་བཟོ་ཚོར་དངོས་པོའི་བྱ་དགའ་འོས་འཚམ་སྤྲད་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་དེ་གའི་གླ་པ་དང་དུས་ཐོག་ཏུ་འབྲེལ་བ་བྱས་ཏེ་ཁོང་ཚོས་རང་ཉིད་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་མངགས་བཅོལ་བྱས་ཡོད། ལས་བཟོ་ཚོའི་འབྱུང་འགྱུར་གྱི་ལས་ཀའི་མདུན་ལམ་དང་སེམས་ཁྲལ་སེལ་ཆེད་ཀུང་སིས་གཅིག་ནས་ཕྱིར་འཐེན་བྱས་པའི་ལས་བཟོ་ཚོས་ནང་མི་དང་བློ་བདེའི་ངང་མཉམ་འཛོམས་བྱས་ཏེ་གཟུགས་པོ་དང་སེམས་ཁམས་ཀྱི་འཁྱེར་སོ་ལེགས་སྒྲིག་ཡག་པོ་བྱེད་དུ་འཇུག་པ་དང་གཉིས་ནས་ཀུང་སིས་ཕྱིར་འཐེན་བྱས་པའི་མིར་ལས་དོན་བཀོད་སྒྲིག་རྦད་དེ་འོས་འཚམ་བྱེད་ཐུབ་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད།
ལི་པི་ཡར་ཡོད་པའི་ཀྲུང་གོ་རྡོ་སྣུམ་ལྕགས་མདོང་ཅུས་ཀྱི་རྣམ་གྲངས་ཐད་ཀྲུང་གོའི་ཕྱོགས་ཀྱི་མི་སྣ་109ཡོད་པ་ཚང་མ་རྒྱལ་ནང་དུ་བདེ་འཇགས་ངང་ཕྱིར་ལོག་བྱེད་ཐུབ་པ་བྱུང་ཡོད། ཀུང་སིས་འགྲིམ་འགྲུལ་ཐད་སྟབས་བདེ་བསྐྲུན་ཏེ་ས་གནས་གཞན་ནས་ཡིན་པའི་ལས་བཟོ་ཚོ་ཕ་ཡུལ་དུ་བསྐྱལ་ནས་ནང་མི་དང་མཉམ་འཛོམས་བྱས་པ་དང་ཟླ་བ་གསུམ་པ་ནས་འགོ་བཙུགས་ཏེ་ཀུང་སིས་ལི་པི་ཡ་ནས་རང་རྒྱལ་དུ་ཕྱིར་ལོག་བྱས་པའི་ལས་བཟོ་ཁག་བགོས་སྒྲིག་འཛུགས་བྱས་ཏེ་གཟུགས་པོར་བརྟག་དཔྱད་བྱས་པ་དང་སེམས་ཁམས་རིག་པའི་སྨན་པས་ལས་བཟོ་ཚོ་དང་གླེང་མོལ་བྱ་རྒྱུ་ཆེད་མངགས་བཀོད་སྒྲིག་བྱས་པ། ལས་བཟོ་ཚོའི་འཁོར་ཞག་གི་དུས་ཚོད་འཐིམས་རྗེས་ལས་བཟོ་མི་རེའི་ཆེད་ལས་དང་རྣམ་གྲངས་གཉེར་རིང་བྱས་པའི་ལས་ཀར་གཞིགས་ཏེ་ཁོང་ཚོའི་ཁོངས་གཏོགས་སྡེ་ཚན་དང་ལས་གནས་བསྐྱར་སྒྲིག་བྱས་པ། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གི་ལས་བཟོ་ཚོ་ངལ་གསོ་རྒྱག་པ་དང་དག་ཐེར་བྱས་རྗེས་ལས་གནས་གསར་པ་སླར་ཡང་བཀོད་སྒྲིག་བྱས་ཡོད།
ཀྲུང་གོ་རྡོ་སྣུམ་ཤར་ཕྱོགས་སའི་གོ་ལའི་དངོས་ཁམས་ཐིག་ལེན་རྩད་ཞིབ་ཚད་ཡོད་ཀུང་སིའི་ལི་པི་ཡར་ལས་ཀ་བྱེད་མཁན་ལས་བཟོ་163ཚང་མ་རང་རྒྱལ་དུ་ཕྱིར་ལོག་བྱས་རྗེས་ཀུང་སིས་དེའི་ཁོངས་གཏོགས་ཀྱི་ལུས་གསོ་ཁང་ཁག་ནང་ངལ་གསོ་རྒྱག་རྒྱུའི་བཀོད་སྒྲིག་བྱས་ཤིང་། ཧོ་པེའི་ཕིང་ཧྲན་ཤིས་ཡོན་ཆུ་ཚན་སྤྲོ་གསེང་ཁང་དུ་ལུས་གསོ་བྱེད་མཁན་ལས་བཟོ་དང་ནང་མི་ཚོའི་ཉིན་མང་པོའི་རིང་གི་ངལ་དུབ་བསལ་བ་དང་ཕྱིར་འཐེན་བྱེད་སྐབས་ཀྱི་དངངས་འཚབ་བསམ་ཚུལ་དང་བསམ་པའི་གནོན་ཤུགས་ཞི་ལྷོད་དུ་བཏང་ནས་ད་དུང་ལས་བཟོ་ཚོས་ཤིས་པའེ་ཕོ་གསར་བརྗེའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་དང་གུང་ཁྲན་ཏང་ཡོན་ཚོས་ཏང་ནང་ཞུགས་སྐབས་ཀྱི་དམ་བཅའི་ཚིག་དང་ཏང་གཤིས་ཀྱི་སློབ་གསོ་བསྐྱར་དྲན་བྱས་ཡོད། ཀྲུང་གོ་འཛུགས་སྐྲུན་ཅུས་བརྒྱད་པའི་ཚད་ཡོད་ཀུང་སིའི་ཁྱོན་བསྡོམས་མི་གྲངས་9271རང་རྒྱལ་དུ་ཕྱིར་ལོག་བྱས་པའི་ནང་དོ་དམ་མི་སྣ་860དང་བཟོ་པ་8411ཡོད་ཅིང་། ཀྲུང་གོ་འཛུགས་སྐྲུན་ཅུས་བརྒྱད་པས་ཆེད་དོན་ཚོགས་འདུ་འཚོགས་ཏེ་བཟོ་པའི་གླ་ཕོགས་ངེས་རྩིས་དང་། གསབ་སྤྲོད། གན་རྒྱ་འཚམས་འཇོག་སོགས་ཀྱི་གནད་དོན་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད། ཟླ་3ཚེས་11ཉིན་ནས་བཟུང་ཀུང་སིས་ས་ཁུལ་མང་པོ་ཞིག་ཏུ་བཟོ་པའི་གླ་ཕོགས་སྤྲོད་འགོ་ཚུགས་པ་དང་སྔོན་རྩིས་བྱས་ན་ཟླ་3ཚེས་25ཉིན་གླ་ཕོགས་ཚང་མ་སྤྲད་ཚར་རྒྱུ་རེད། མིག་སྔར་གན་རྒྱའི་ཁ་ཆད་ལྟར་གླ་ཕོགས་ལེན་མཁན་གྱི་ཀྲུང་གོའི་བཟོ་པའི་བསྡོམས་འབོར་གྱིས་90%ཡན་ཟིན་པའི་ངོས་འཛིན་བྱས་ཡོད། ཀུང་སིས་བཟོ་པ་ཚོར་འདོད་བསྟུན་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་ཀྲུང་གོ་འཛུགས་སྐྲུན་ཅུས་ཀྱི་རྒྱལ་ནང་རྣམ་གྲངས་ནང་མུ་མཐུད་ལས་ཀ་བྱེད་འདོད་ཡོད་མཁན་ཡིན་ཚེ་སྔོན་ལ་བཀོད་སྒྲིག་བྱེད་པ་དང་དེ་མིན་ཚེ་མི་སྒེར་གྱི་བསམ་འཆར་ལ་བརྩི་འཇོག་བྱེད་ཀྱི་ཡོད། དོ་དམ་མི་སྣའི་གླ་ཕོགས་ཐད་ཕྱི་རྒྱལ་གྱི་གླ་ཕོགས་ཀྱི་ཚད་གཞི་ལྟར་ཟླ་3ཚེས་31ཉིན་བར་སྤྲོད་པ་དང་ཟླ་བ་བཞི་པ་ནས་བཟུང་རྒྱལ་ནང་གི་དེ་མཚུངས་ཀྱི་གླ་ཕོགས་ཚད་གཞི་ལྟར་སྤྲོད་རྒྱུ་རེད། མིག་སྔར་དོ་དམ་མི་སྣ་860ཁྲོད་ཀྱི་ཆེས་མང་ཆེ་བས་རྒྱལ་ནང་གི་ལས་གནས་གསར་པར་ལས་ཀ་བྱེད་འགོ་ཚུགས་ཡོད།
ཟླ་3ཚེས་5ཉིན་བར་ལི་པི་ཡར་ཡོད་པའི་ཀྲུང་གོ་འགྲིམ་འགྲུལ་ཚོགས་པའི་ལས་བཟོ་4893ཚང་མ་རང་རྒྱལ་དུ་བདེ་འཇགས་ངང་ཕྱིར་ལོག་བྱས་ཤིང་། ཀྲུང་གོ་འགྲིམ་འགྲུལ་ཚོགས་པས་འགན་གཙང་ལེན་པའི་དཔུང་ཁག་ཁག་གི་གླ་ཕོགས་ངེས་རྩིས་དུས་ཐོག་ཏུ་ཡག་པོ་བརྒྱབ་པ་མ་ཟད། སེམས་ནུས་གཅིག་སྡུད་ཀྱིས་རྒྱུ་ནོར་འགན་སྲུང་སོགས་ཀྱི་དུས་མཇུག་གི་ཚབ་འཇལ་གྲ་སྒྲིག་ལས་ཀ་བྱེད་བཞིན་ཡོད་པ་རེད། ཀྲུང་གོ་འགྲིམ་འགྲུལ་ཚོགས་པའི་མཚོ་ཐོག་སྐྱེལ་འདྲེན་ཅུས་དང་པོའི་ཀུང་སི་གཉིས་པས་མ་དངུལ་དམིགས་སར་འབྱོར་མེད་པའི་གནས་ཚུལ་འོག་ཞིང་པ་ལས་མི་རེར་གླ་ཕོགས་གཱ་གཉེར་ནས་ཟླ་4ཚེས་5ཉིན་གྱི་གོང་དུ་གླ་ཕོགས་ཚང་མ་སྤྲོད་ཐུབ་པ་བྱ་རྒྱུའི་ཁས་ལེན་བྱས་པ་དང་ཆབས་ཅིག་ཞིང་པ་གླ་པའི་ལག་ནང་ཡོད་པའི་ལི་པི་ཡའི་དངུལ་ལོར་ཏི་ནར་ཚང་མ་མི་དམངས་ཤོག་སྒོར་ལ་བརྗེ་རྒྱུ་ཡིན་པ་དང་ཟླ་བ་བཞི་པའི་ཟླ་མཇུག་གོང་ཨར་ལས་དཔུང་ཁག་ཡོངས་རྫོགས་ཀྱི་ལས་གྲྭའི་ཚད་འཇལ་དང་འགན་གཙང་ངེས་རྩིས་རྒྱག་ཚར་བ་བྱ་རྒྱུའི་ཁས་བླངས་ཡོད། ཀུང་སིས་ལས་བཟོའི་སེམས་པ་ཞི་ལྷོད་ཡོང་ཆེད་གླ་ཕོགས་སྤྲོད་བཞིན་འཁོར་ཞག་ཉིན་25འཇོག་རྒྱུའི་ཆོག་མཆན་སྤྲད་ཀྱང་ལས་བཟོ་ཧ་ཅང་མང་པོ་ཞིག་གིས་ཀུང་སིའི་རྒྱལ་ནང་གི་འགན་སྲུང་པུའུ་རུ་རང་འགུལ་ངང་བསྡད་དེ་ལས་ཀ་མཐའ་འཁྱོངས་བྱས་སྟབས་ཀུང་སིས་དུས་བཀག་ལྟར་གླ་ཕོགས་དང་བྱ་དགའི་དངུལ་སྤྲད་ཡོད།
པེ་ཅིང་གི་དུས་ཚོད་ཟླ་3ཚེས་3ཉིན་གྱི་མཚན་མོ་ལི་པི་ཡའི་ལྕགས་ལམ་རྣམ་གྲངས་ཀྱི་འགན་འཁུར་མཁན་ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་བཟོ་བཀོད་མི་སྣ་3572ཚང་མ་རང་རྒྱལ་དུ་བདེ་འཇགས་ངང་ཕྱིར་ལོག་བྱས་ཤིང་། མིག་སྔར་ཀྲུང་གོས་ལི་པི་ཡར་ཁྱོན་བསྡོམས་ལྕགས་ལམ་རྣམ་གྲངས་3བསྐྲུན་རྒྱུའི་འགན་གཙང་བླངས་ཡོད་པ་དེ་དག་ནི་མཚོ་རྒྱུད་ཀྱི་ནུབ་ཕྱོགས་ལྕགས་ལམ་རྣམ་གྲངས་དང་མཚོ་རྒྱུད་ལམ་ཐིག་ལྕགས་ལམ་དང་དེ་བཞིན་ལམ་ཐིག་སྣུར་བསྲིང་རྣམ་གྲངས་དང་ལྷོ་བྱང་ལམ་ཐིག་གི་ལྕགས་ལམ་རྣམ་གྲངས་བཅས་ཡིན་པར་ཁྱོན་བསྡོམས་རིང་ཚད་སྤྱི་ལེ་1000ལྷག་ཙམ་དང་བཟོ་སྐྲུན་ནང་ཞུགས་མཁན་ལས་བཟོ་3572ཡོད་པ་དེ་དག་རྣམ་གྲངས་19ཡི་སྒར་སར་ཁ་གྲམ་ཡོད་པ་དང་། ལི་པི་ཡའི་དུས་བབ་ཟང་ཟིང་བྱུང་རྗེས་ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་ཀུང་སིའི་སྒར་ས་ཁག་གཅིག་ལ་གཏུམ་སྤྱོད་མཁན་གྱི་འཇབ་རྒོལ་ཕོག་པ་དང་བཟོ་སྐྲུན་ལས་ཡུལ་ཁག་གཅིག་གི་སྒྲིག་ཆས་འཕྲོག་བཅོམ་བྱས་པ་དང་གཏོར་བརླག་བཏང་ཡོད། “སྔོན་ལ་བུད་མེད་དང་རྗེས་སུ་སྐྱེས་པ་ཡིན་པ་དང་། སྔོན་ལ་མང་ཚོགས་དང་རྗེས་སུ་ཏང་ཡོན་ཡིན་པ། སྔོན་ལ་བཟོ་པ་དང་རྗེས་སུ་ལས་བྱེད་པ་ཡིན་པའི ”ཕྱིར་འཐེན་རྩ་དོན་ལྟར་ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་ཀུང་སིས་ལས་བཟོ་ཚང་མ་རང་རྒྱལ་དུ་ཕྱིར་འཐེན་བྱས་པ་མ་ཟད་འགྲིམ་འགྲུལ་འཕྲུལ་ཆས་སྒྲིག་འཛུགས་བྱས་ཏེ་ལས་བཟོ་ཚོ་ཁྱིམ་ལ་བསྐྱལ་ནས་ལས་བཟོ་ཚོར་བློ་བདེའི་ངང་ལུས་གསོ་དང་། བསམ་ཚུལ་ལེགས་སྒྲིག ལུས་སྟོབས་བསྐྱར་གསོ་ཡོང་བ་བཅས་བྱེད་དགོས་པའི་མངགས་བཅོལ་བྱས་ཡོད།