དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡའི་ཤར་རྒྱུད་དུ་ཡུལ་གྱར་བས་ཁེངས་པས་རྒྱལ་ཁབ་ཁག་གཅིག་གིས་དམག་དོན་གྱི་བྱ་སྤྱོད་གང་མགྱོགས་མཇུག་འགྲིལ་རྒྱུའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། དམག་མུ་མཐུད་བརྒྱབ་པ་དང་ཆབས་ཅིག་ལི་པི་ཡའི་ཤར་རྒྱུད་ས་ཁུལ་དུ་ཡུལ་གྱར་བས་ཁེངས་ནས་ས་གནས་ཁག་གི་བཟའ་བཅའི་རིན་གོང་ཆེས་ཆེར་འཕར་བ་དང་མཁོ་འདོན་དཀོན་པོ་ཡོད་པ་རེད། མི་སེར་འཆི་རྨས་དེ་བས་མང་བ་མི་ཡོང་བ་བྱ་ཆེད་ཨུ་རུ་སུ་དང་། ཐུར་ཁེ། ཁྲའོ་ཞན་སོགས་རྒྱལ་ཁབ་ཀྱིས་འབྲེལ་ཡོད་ཕྱོགས་ལ་དམག་དོན་གྱི་རྡུང་རྡེག་གང་མགྱོགས་མཇུག་སྒྲིལ་རྒྱུའི་རེ་འབོད་བྱས་པ་རེད།

        ཨེ་ཅེབ་ཕྱོགས་ནས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། ཚེས་20ཉིན་ཁོ་ནར་ཡུལ་གྱར་བ་3000ལྷག་ཙམ་ལི་པི་ཡ་དང་ཨེ་ཅེབ་ཀྱི་མཐའ་མཚམས་སུ་སླེབས་པ་དེའི་ནང་ལི་པི་ཡ་བ་1560དང་ལི་པི་ཡར་སྡོད་མཁན་ཨེ་ཅེབ་བ་1344ཡོད་པ་རེད།

        མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་བརྟག་ཞིབ་ཀྱི་སྙན་ཞུ་ཞིག་ནང་དུས་བབ་ཡོ་ལང་ཡིན་པར་བརྟེན་ཉེ་ཆར་གྱི་གཟའ་འཁོར་འགའ་ཤས་ནང་ལི་པི་ཡའི་ནང་ཁུལ་གྱི་གྲོ་ཞིབ་ཀྱི་གོང་ཚད་ལྡབ་གཅིག་འཕར་བ་དང་། འབྲས་ཀྱི་གོང་ཚད་88%འཕར་བ། བཟའ་སྣུམ་གྱི་གོང་ཚད་58%འཕར་བ་མ་ཟད། མེན་པའོ་ཡི་གོང་ཚད་110%ལྷག་ཙམ་འཕར་ཡོད་པ་དང་ས་གནས་འགའ་ཞིག་གི་ཚོང་ཁང་མང་ཆེ་བ་སྒོ་བརྒྱབ་ནས་གཞི་རྩའི་འཚོ་བའི་མཁོ་ཆས་ཧ་ཅང་དཀོན་པོ་ཡོད་ཅེས་འཁོད་ཡོད་པ་རེད།

        ཚེས་22ཉིན་ཨུ་རུ་སུར་འཚམས་འདྲི་གནང་བཞིན་ཡོད་པའི་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཀེ་ཚི་ཡིས་མོ་སི་ཁོ་རུ་འབྱུང་འགྱུར་གྱི་ཉིན་འགའི་རིང་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ལི་པི་ཡ་རུ་དམག་དོན་བྱ་སྤྱོད་སྤེལ་ཤུགས་ཆུང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་དང་ཁོང་གིས་ལི་པི་ཡའི་འབྱུང་འགྱུར་ནི་ལི་པི་ཡའི་མི་དམངས་སོ་སོས་ཐག་གཅོད་དགོས་ཞེས་བསྐྱར་བཤད་གནང་བ་རེད།

        ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཞེ་ཨར་ཅིའུ་ཁོ་ཧྥུ་ཡིས་ལི་པི་ཡར་དམིགས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་དམག་དོན་བྱ་སྤྱོད་ལས་དམངས་སྤྱོད་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་པ་དང་མི་སེར་ཤི་བའི་གནས་ཚུལ་དེ་ནི་གཏན་ནས་ཐོན་མི་རུང་བ་ཞིག་རེད་ཅེས་ནན་བཤད་གནང་བ་རེད། ཨུ་རུ་སུ་ཕྱོགས་ཀྱིས་འགལ་བ་ཡོད་པའི་ཕྱོགས་ཁག་གིས་འབད་བརྩོན་ཆེན་པོའི་ཐོག་ནས་དྲག་ཤུགས་ཀྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་རེ་འབོད་བྱས་པ་རེད།

        ཚེས་22ཉིན་ཐུར་ཁེའི་ཙུང་ལི་ཨའེ་ཨར་ཏུའོ་ཨན་གྱིས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་དཔུང་སྡེས་ལི་པི་ཡར་དམག་དོན་གྱི་བྱ་སྤྱོད་སྤེལ་བའི་ནང་ཐུར་ཁེ་ཞུགས་མི་སྲིད་པ་དང་དམག་དོན་ཐོག་ནས་ལི་པི་ཡར་ཐེ་གཏོགས་བྱས་ཚེ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད། ལོ་རྒྱུས་ཀྱི་ཐོག་ནས “དེ་དང་འདྲ་བའི་དམག་དོན་བྱ་སྤྱོད་ནི་ཕན་ཐོགས་མེད་པ་མ་ཟད། མི་ཤི་རྨས་ཡང་མང་དུ་འགྲོ་གི་ཡོད་པ་དང་མཐར་བཙན་འཛུལ་ཞིག་ཏུ་གྱུར་ནས་རྒྱལ་ཁབ་དེ་དག་གི་གཅིག་གྱུར་ལ་གནད་འཚེ་གཏོང་གི་ཡོད་པ ”ར་སྤྲོད་བྱུང་ཡོད་ཅེས་གསུངས་པ་རེད།

        ཚེས་22ཉིན་ཁྲའོ་ཞན་ཕྱི་དོན་པུའི་མགྲིན་ཚབ་པས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལི་པི་ཡར་དམག་དོན་གྱི་རྡུང་རྡེག་བཏང་བ་དེ “བདག་དབང་རྒྱལ་ཁབ་ཀྱི་རང་ཐག་རང་གཅོད་ཀྱི་དབང་ཆ་དང་མངའ་ཁོངས་ཆ་ཚང་ལ་གཏུམ་སྤྱོད་ངང་བཙན་གནོད་བྱས་པ ”ཞིག་དང “རྒྱལ་ཁབ་དེ་གའི་མི་དམངས་ཀྱི་ལ་རྒྱ་དང་འཚོ་གནས་བྱེད་དབང་ལ་གཏུམ་སྤྱོད་ངང་རྡོག་རོལ་དུ་གཏོང་བའི་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་གསོག་ཆེ་ཤོས་ཤིག་རེད། དམག་འཁྲུག་གི་བྱ་སྤྱོད་དེ་རིགས་གནས་ཚུལ་གང་རུང་ཞིག་གི་འོག་ཏུ་རྒྱུན་གཏན་ཅན་དུ་འགྱུར་མི་སྲིད་པས་ངེས་པར་དུ་འཕྲལ་མར་མཚམས་འཇོག་དགོས ”ཞེས་བཤད་པ་རེད།

        ཚེས་21ཉིན་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་ཡིས་རྒྱལ་ཁབ་མང་པོའི་དཔུང་སྡེས་ལི་པི་ཡར་དམག་དོན་རྡུང་རྡེག་བྱེད་མཚམས་འཕྲལ་མར་བཞག་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡིག་ཨང་1973གྱི་གྲོས་ཆོད་ལ་བརྩི་སྲུང་ནན་པོ་བྱེད་དགོས་པའི་རེ་འབོད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།