མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཏུང་ཅིང་གློག་ཤུགས་ཀུང་སིས་ཚེས་22ཉིན་གྱི་ཕྱི་དྲོ་དེ་ཉིན་ཞོགས་པའི་ཆུ་ཚོད་6དང་ཕྱེད་ཀར་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་ཆུ་གཤོང་སའི་ཉེ་འགྲམ་ནས་དཔེ་ལེན་བྱས་པའི་མཚོ་ཆུའི་ནང་ནས་ཁྲིམས་གཏན་འཁེལ་བའི་གར་ཚད་མཐོ་ཤོས་ལས་ལྡབ་29.8བརྒལ་བའི་འགྱེད་འཕྲོའི་རང་བཞིན་གྱི་ཏེན་ཞིབ་དཔྱད་ཚད་ལེན་ཐུབ་ཡོད་པ་རེད། ཚེས་21ཉིན་གྱི་མཚན་མོ་ནས་ཚེས་22ཉིན་གྱི་ཐོ་རེངས་བར་ཉིང་རྡུལ་གློག་ཁང་དང་པོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་16གི་ཁྱབ་ཁོངས་ནང་གི་མཚོ་ཆུ་ཁག་3ནས་དཔེ་བླངས་ཏེ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ཚང་མར་གར་ཚད་མཐོ་བའི་ཏེན་ཡོད་པ་ཞིབ་དཔྱད་ཚད་ལེན་ཐུབ་པ་རེད། ཉིང་རྡུལ་གློག་ཁང་དང་པོའི་ཉེ་སར་གར་ཚད་དེ་བས་མཐོ་བ་ཡོད་པ་དེ་ཐོག་ནས་མཚོ་ཆུར་སྦགས་བཙོག་ཕོག་ཁྱོན་ཆེ་རུ་འགྲོ་བཞིན་ཡོད་པ་མཚོན་ཐུབ་ཅེས་བརྗོད་ཡོད་པ་དང་། རི་པིན་གྱི་སྨྱན་སྦྱོར་ཚན་པས་ཉིང་རྡུལ་གློག་ཁང་ལ་ལས་འཛོལ་བྱུང་བའི་དབང་གིས་འགྱེད་འཕྲོའི་རང་བཞིན་གྱི་དངོས་པོས་སྦགས་བཙོག་བཟོས་ཚད་དེ་རླུང་ཁམས་ཆེན་པོ་ནས་སྐམ་ས་དང་རྒྱ་མཚོའི་བར་རྒྱ་ཆེར་ཕྱིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རི་པིན་དུ་ཕེབས་མཇུག་འགྲིལ་མ་ཐག་པའི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ལས་བྱ་ཐེན་ཡེ་ཀྲེ་སྨི་ཡིས་ཚེས་21ཉིན་ཝི་ཨེན་ནའི་སྤྱི་ཁྱབ་པུའུ་རུ་འབྲེལ་ཡོད་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་ཤོར་བའི་ལས་འཛོལ་གྱི་གནས་ཚུལ་བརྡ་ཁྱབ་གཏོང་སྐབས་ཁོང་གིས་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་གནས་ཚུལ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་ལས་འཛོལ་བྱུང་ཡུལ་དུ་སྦགས་བཙོག་ཆེན་པོ་བྱུང་བའི་གནས་ཚུལ་ཐོན་འདུག་པས་མིག་སྔའི་ལས་འགན་ཨང་དང་པོ་ནི་ཉིང་གས་འགྱུར་སྒྲིག་ཆས་བརྟན་པོ་ཡོང་བ་བྱ་རྒྱུ་དང་སྦྲགས་བདེ་འཇགས་སླར་གསོ་ཡོང་བ་བྱ་རྒྱུ་དེ་རེད། དེ་དང་དུས་མཚུངས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་སྔའི་གོ་ལ་ཧྲིལ་པོའི་ཉིང་རྡུལ་བདེ་འཇགས་ལ་འཕྲལ་མར་ཁ་གཏད་གཅོག་པའི་སྒྲོམ་གཞིར་བསྐྱར་དུ་དཔྱད་དཔོག་བྱས་ཏེ་ཆ་འཕྲིན་དུས་རབས་ཀྱི་དགོས་མཁོ་དང་འཚམ་པ་བྱས་ནས་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་གོ་ལ་ཧྲིལ་པོར་དབང་གྲགས་ལྡན་པ་དང་ཞིབ་དཔྱད་བྱས་པའི་ཆ་འཕྲིན་དེ་བས་མགྱོགས་པའི་སྒོ་ནས་མཁོ་འདོན་བྱེད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ཚེས་22ཉིན་གྱི་ཕྱི་དྲོ་རི་པིན་གྱི་བྱང་ཤར་རྒྱུད་དང་ཀོན་ཏུང་ས་ཁུལ་དུ་ཡོམ་འཕྲོ་བསྟུད་མར་བརྒྱབ་པའི་ནང་ཡོམ་འཕྲོ་རིམ་པ་6ཡན་ཐེངས་3བརྒྱབ་ཡོད་ཅིང་། རི་པིན་ཉེན་རྟོག་ཐིང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ཚེས་22ཉིན་གྱི་ཆུ་ཚོད་18བར་ད་ཐེངས་ཀྱི་ས་ཡོམ་དང་མཚོ་ཡོམ་ནང་མི་9080རྐྱེན་ལམ་དུ་ཤོར་བ་དང་མི་13561གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།