ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོ་གཉིས་པའི་ཚོགས་ཆུང་གཉིས་པའི་གྲོང་མིའི་ས་ཆ་བསྡུ་སྤྱོད་བྱས་རྗེས་ས་ཆའི་རིན་འབབ་ལག་སོན་གཏན་ནས་མ་བྱུང་བར་བརྟེན་གྲོང་མི་ཚོས་རང་སྐྱོང་ལྗོངས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་བཙལ་ཏེ་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་རྗེས་ཁྲིམས་ར་ཚོགས་མི་དགོས་པར་འདུམ་འགྲིག་བྱས་པ་བརྒྱུད་གྲོང་མི་ཚོར་ས་ཆའི་རིན་འབབ་མགྱོགས་མྱུར་རག་ནས་ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་ལ་དུས་ཐོག་ཏུ་སྲུང་སྐྱོང་བྱུང་ཡོད། དེར་བརྟེན་ཡུལ་མི་ཚོས་དངུལ་བསྡུས་ནས་རང་སྐྱོང་ལྗོངས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ལ་ཨུ་ཚུགས་བྱས་ཏེ་སྒོར་1000ཕུལ། ལྟེ་གནས་ཀྱི་ལས་དོན་པས་བཅའ་ཁྲིམས་རོགས་སྐྱོར་ལ་འགྲོ་གྲོན་གང་ཡང་མི་བསྡུ་བའི་རྒྱུ་མཚན་ཇི་ལྟར་བཤད་ཀྱང་ཡུལ་མི་ཚོས་དངུལ་དེ་དག་ཞལ་འདེབས་འབུལ་དོན་ནི་སླད་ཕྱིན་ལྟེ་གནས་ཀྱིས་སྤྱི་ཚོགས་ཐོག་གི་གཉོད་ཆུང་ནུས་མེད་ཀྱི་ཚོགས་སྤྱིའི་སེམས་ཁྲལ་དེ་བས་མང་བ་སེལ་རྒྱུའི་རེ་བ་ཡོད་ལུགས་བཤད། དེ་ལྟ་བུའི་གནས་ཚུལ་རང་སྐྱོང་ལྗོངས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ལ་གྲངས་ལས་འདས་པ་བྱུང་ཡོད།
2001ལོའི་ཟླ་8ཚེས་22ཉིན་བོད་དུ་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཐོག་མ་དེ་བཙུགས། དུས་ཐུང་ལོ་བཅུའི་ནང་རང་ལྗོངས་ཀྱི་རིམ་ཁག་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱ་རྒྱུའི་ལས་ཀའི་དམིགས་ཚད་གཞིར་བཟུང་ཞབས་ཞུའི་ལས་ཀ་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནུས་སོགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང། བཅའ་ཁྲིམས་རོགས་སྐྱོར་གྱི་སྤུས་ཚད་དང་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་བཏང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་གྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་པ་བཅས་བྱས་ཡོད།
ལྗོངས་ཡོངས་ཀྱི་རིམ་ཁག་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་ལོ་བཅུའི་ནང་བཅའ་ཁྲིམས་རོགས་སྐྱོར་བྱ་རྒྱུའི་གྱོད་གཞི་ཁྱོན་5000ལྷག་ཙམ་ཐག་གཅོད་བྱས་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་མི (ཐེངས )40000ལྷག་ཙམ་ལ་བཅའ་ཁྲིམས་ཀྱི་བློ་འདྲི་མཁོ་འདོན་དང་ཞུ་གཏུག་ཡི་གེ་ངོ་གྲངས་སྟོང་ཕྲག་འགའ་ཤས་འབྲི་རོགས་བྱས་ནས་རོགས་སྐྱོར་ཐོབ་པའི་མི་གྲངས་ཁྲི་ཁ་ཤས་བྱུང་ཡོད། རང་ལྗོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞི་བཙུགས་མ་ཐག་དཀའ་ངལ་ཡོད་པའི་མང་ཚོགས་ལ་གྱོད་གཞི་23ཐག་གཅོད་བྱེད་རོགས་བྱས་པ་ནས་མང་ཤོས་ལ་གྱོད་གཞི་ཐེངས་1747ཐག་གཅོད་བྱེད་རོགས་བྱས་ཡོད་པས་རང་ལྗོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་གྱིས་སྤྱི་ཚོགས་ཀྱི་འགལ་བ་སེལ་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། དུས་བདེའི་བོད་ལྗོངས་བསྐྲུན་པ་བཅས་ཀྱི་ཁྲོད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་སྤེལ་བྱས་ཡོད།
ལོ་བཅུའི་ནང་རང་ལྗོངས་ཀྱི་རིམ་ཁག་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་བཅའ་ཁྲིམས་རོགས་སྐྱོར་ལས་ཀས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་སྟེ་རྣམ་པ་སྣ་ཚོགས་སྤྱད་པ་དང་། དྲིལ་བསྒྲགས་ཀྱི་རྣམ་པ་གསར་གཏོད་བྱེད་པ། དྲིལ་བསྒྲགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོད་པ། བཅའ་ཁྲིམས་རོགས་སྐྱོར་གྱི་དྲིལ་བསྒྲགས་ལས་ཀའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་བྱ་གཞག་འཕེལ་རྒྱས་ལ་ཕན་ཐོགས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཧུར་ཐག་བཏོད་ཡོད། 《བཅའ་ཁྲིམས་རོགས་སྐྱོར་སྲོལ་ཡིག 》ལ་ནན་པོ་དམིགས་ཏེ་དྲིལ་བསྒྲགས་ལས་ཀ་ཡག་པོ་བྱས་ཤིང་། ཆེད་མངགས 《བཅའ་ཁྲིམས་རོགས་སྐྱོར་སྲོལ་ཡིག 》བོད་ཡིག་ཏུ་བསྒྱུར་ནས་ལྗོངས་ཡོངས་སུ་པར་འགྲེམས་ཐེངས་མང་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་གཞི་རིམ་གྱི་མང་ཚོགས་ལ་བཅའ་ཁྲིམས་རོགས་སྐྱོར་གྱི་གཞི་རྩའི་ལམ་ལུགས་ལ་རྒྱུས་མངའ་ཡོང་ཤུགས་ཆེ་རུ་བཏང་ཡོད།
ལྗོངས་ཡོངས་ཀྱི་རིམ་ཁག་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་ད་དུང “12·4”ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོ་དང་། ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བ། རིག་འཕྲོད་ཚན་གསུམ་དང་བཅའ་ཁྲིམས་བཅས་“གཤམ་སྤེལ་བཞི ”སོགས་ཀྱི་བྱེད་སྒོ་གང་ལེགས་སྤྱད་དེ་རྒྱ་ཆེའི་མང་ཚོགས་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དེ་བཞིན་བཅའ་ཁྲིམས་རོགས་སྐྱོར་ལམ་ལུགས་དང་བཅའ་ཁྲིམས་རོགས་སྐྱོར་ལས་དོན་དྲིལ་བསྒྲགས་བྱས་ཡོད།