དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “ཁྱད་ལྡན”དང“ལེགས་ཆར”བརྟེན་ནས་བྱུང་བའི་ཞིང་འབྲོག་པའི་འབབ་འཕར་ཕན་འབྲས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཉེ་བའི་ལོ་ཤས་ནང་བོད་ཀྱི་ནས་ཀྱི་སྦི་རག་དང་། 5100ཡི་འཁྱག་རོམ་གཏེར་ཆུ། བདུད་རྩི་རྟགས་ཅན་གྱི་བོད་སྨན་སོགས་ཀྱིས་མཚོན་བྱེད་དུ་བྱེད་པའི་བོད་ཀྱི་ལེགས་ཆ་དང་ཁྱད་ལྡན་གྱི་ཐོན་ལས་སྣེ་འདྲེན་ཁེ་ལས་མང་དག་ཅིག་ཐོན་པ་དེ་དག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་མཚར་སྡུག་ལྡན་པའི་མེ་ཏོག་ལྟ་བུར་གྱུར་ཡོད།

        བོད་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་དང་འཚམས་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ཡོད། 2009ལོ་ཁོ་ནར་ལྗོངས་ཡོངས་ཀྱིས་སྒོར་དུང་ཕྱུར་10ལྷག་ཙམ་བཏང་ནས་ས་གནས་དེ་གའི་ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཁེ་ལས་ཀྱིས་ཐོན་ལས་གཞི་ཁྱོན་ཆེ་རུ་དང་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་རོགས་བྱེད་པའི་ཐད་སྤྱད་ཡོད།

        སྐྱེད་སྲིང་ཞིབ་ཚགས་བྱས་པ་བརྒྱུད་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆ་རིམ་གྱིས་ཐོན་ལས་ལེགས་ཆར་བསྒྱུར་ནས་ལེགས་ཆ་ལྡན་པའི་གཏེར་ལས་དང་། ལྷད་མེད་བཟའ་བཅའ (བཏུང་བྱའི )ལས་རིགས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། ཡུལ་སྐོར་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཞིང་། བོད་ཀྱི་ནས་ཀྱི་སྦི་རག་ཚད་ཡོད་ཀུང་སི་2009ལོའི་ཟླ་4པར་བཙུགས་པ་དང་ད་ཆ་ལོ་རེའི་ཐོན་ཚད་ཏུན་ཁྲི་20ལོན་པའི་དེང་རབས་ཅན་གྱི་སྦི་རག་སྙོལ་བཟོའི་བཟོ་གྲྭའི་གཞི་ཁྱོན་རགས་ཙམ་ཆགས་ནས་ཐོན་རྫས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་མང་པོར་བྲིན་ཚོང་བྱེད་ཀྱི་ཡོད།

        5100ཡི་འཁྱག་རོམ་གཏེར་ཆུ་ཡང་དེའི་ཁྲོད་ཀྱི་དཔེ་མཚོན་ཞིག་ཡིན་ཞིང་། ད་ཆ་5100ཀུང་སིར་ནང་འདྲེན་བྱས་པའི་ཐོན་སྐྱེད་བརྒྱུད་རིམ་4ཡོད་པ་དང་ལོ་རེའི་ཐོན་ཚད་ཏུན་ཁྲི་20ལོན་ནས་རྒྱལ་ནང་གི་ཁྲོམ་ར་ཆེ་ཁག་གི་བགོ་སྐལ་བཟུང་ཚད་ཀྱི་25%ཙམ་ལོན་ཡོད།

        བོད་ཀྱིས་ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཁོར་ཡུག་སྲུང་སྐྱོང་དང་ཕན་འབྲས་ལ་སྣང་ཆེན་བྱེད་པ་མ་ཟད་ད་དུང་ས་གནས་དེ་གའི་མི་སེར་གྱི་ལས་ཞུགས་ཐད་སྐུལ་འདེད་ཧུར་ཐག་བཏང་ནས་ཁོང་ཚོའི་ཡོང་འབབ་འཕར་བ་བྱས་ཤིང་། གསར་འགོད་པས་ཉིན་ཤས་གོང་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོར་གནས་པའི་5100འཁྱག་རོམ་གཏེར་ཆུའི་ཐོན་སྐྱེད་རྟེན་གཞིར་བཅར་འདྲི་བྱེད་པར་སྐྱོད་སྐབས་སྤྲིན་དཀར་གྱིས་བརྒྱན་པའི་གནམ་སྔོན་པོའི་འོག་དང་མེ་ཏོག་སྣ་ཚོགས་རྣམ་པར་བཞད་པའི་འབྲོག་རའི་ཁྲོད་དེང་རབས་ཅན་གྱི་གཏེར་ཆུའི་བཟོ་གྲྭ་གཅིག་མཚོ་བོད་ས་མཐོའི་ཐོག་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།

        གཏེར་ཆུ་བཟོ་གྲྭའི་འགན་འཁུར་བ་ཅང་ཞའོ་ཧུང་གིས་ཀུང་སིས་2010ལོར་ཐོན་ཚད་ཏུན་ཁྲི་8.197མངོན་འགྱུར་བྱས་ནས་འདམ་གཞུང་རྫོང་ཁོ་ནར་ཁྲལ་སྒོར་ཁྲི་3852འཇལ་ནས་འདམ་གཞུང་རྫོང་གི་ཁྲལ་འཇལ་མཁན་དུད་ཚང་ཆེ་ཤོས་སུ་གྱུར་ཡོད་པ་དང་། 5100ཀུང་སི་འཕེལ་རྒྱས་དང་སྟོབས་ཆེར་སོང་བ་དང་མཉམ་དུ་འགྱུར་ལྡོག་བྱུང་བ་ནི་ས་གནས་དེ་གའི་མི་སེར་གྱི་འཚོ་བ་ཡིན་ཞིང་། མིག་སྔར་གཏེར་ཆུ་བཟོ་གྲྭར་ལས་མི་205ཡོད་པ་དེའི་ཁྲོད་90%ནི་ས་གནས་དེ་གའི་གྲོང་མི་ཡིན་པ་རེད།

        གཏེར་ཆུ་བཟོ་གྲྭས་ཐོན་སྐྱེད་བྱེད་འགོ་མ་བཙུགས་གོང་ས་གནས་དེ་གའི་འབྲོག་པའི་ལོའི་ཡོང་འབབ་སྒོར་1000ལྷག་ཙམ་ལས་མེད་ལ་ད་ཆ་ལས་མིའི་ཟླ་རེའི་ཆ་སྙོམས་གླ་ཕོགས་སྒོར་3000ལས་བརྒལ་བའི་ཐོག་བྱ་དགའ་དང་ཁ་གསབ་དངུལ་བསྣན་ན་ལོར་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་ཁྲི་བཞི་ནས་ལྔ་བར་ཟིན་གྱི་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

        ས་གནས་དེ་གའི་མི་སྔར་ལས་མང་བ་ཞིག་ལ་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱ་ཆེད་5100ཀུང་སིས་ཐོན་རྫས་དེ་ཐོན་སྐྱེད་རྟེན་གཞི་ནས་མེ་འཁོར་བབས་ཚུགས་བར་གྱི་སྐྱེལ་འདྲེན་ལས་སྒོ་ཚང་མ་ས་གནས་དེ་གའི་གྲོང་མིར་སྤྲད་ཡོད། “སྐྱེལ་འདྲེན་རུ་ཁག་ཡོངས་ལ་ཁྱོན་རླངས་འཁོར་ཆེ་ཆུང་ཁག་40ཡོད་པ་དང་ཆ་སྙོམས་རླངས་འཁོར་རེའི་ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་10ཙམ་ཟིན་གྱི་ཡོད ”ཅེས་གྲོང་དཀར་གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་གི་རུ་དཔོན་བློ་ཆུང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།