དཀར་རྩི་བྱུག་པའི་གྱང་ལྡེབས་དང་། གྲལ་སྟར་སྒྲིག་པའི་ཅོག་ཙེ་དང་རྐུབ་སྟེགས། གདན་ཁྲིའི་སྟེང་བརྩིགས་པའི་མལ་ཆས་གསར་པ། གྱང་ཟུར་གྱི་བཪྙན་འཕྲིན་སྒྲོམ་གྱི་སྟེང་བཞག་པའི་བཪྙན་འཕྲིན་ནང་རྒན་རྒོན་གྱིས་དགའ་ཤོས་བྱེད་པའི་ལེ་ཚན་སྟོན་པ་ལ་སོགས་དེ་ནི་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་རྒན་བཀུར་ཁང་གི་འགན་ལེན་ལྔའི་རྒན་རྒོན་ཨོ་སྒོར་དང་སྣང་སའི་ཁང་པ་གསར་པ་རེད། “ཏང་གིས་ང་ཚོ་མི་ཧྲེང་རྒན་རྒོན་ལ་ཐུགས་ཁུར་མ་གནང་ཚེ་ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་མེད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཡོད་པས་ང་ཚོའི་ཚེ་མཇུག་གི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ་འདུག ”ཅེས་རྒན་རྒོན་སྣང་སས་སེམས་འགུལ་ཐེབས་པའི་ངང་བཤད། རྫོང་དམངས་སྲིད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་ཀྱི་རྒན་གསོའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་དེ “དམངས་སེམས་འདུ་འགོད ”དང “ཆབ་སྲིད་བཟང་པོའི་འདུ་འགོད ”ཅིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་རྫོང་སྤྱི་ཚོགས་ཕན་བདེ་ཁང་1དང་ཤང་རིམ་པའི་རྒན་བཀུར་ཁང་2བཙུགས་པར་ཁྱོན་ཉལ་ཁྲི་260བཀོད་སྒྲིག་བྱས་པ་དང་འགན་ལེན་ལྔ་བྱེད་ཡུལ་མི་གྲངས་254ལ་བསྙེན་བཀུར་བྱས་པ་དེས་རྫོང་དེ་ཡོངས་ཀྱི་འགན་ལེན་ལྔ་བྱེད་ཡུལ་གྱི་81.9%བཟུང་བ་དང་འགན་ལེན་ལྔ་བྱེད་ཡུལ་མི་གྲངས་56ལ་ཁ་ཐོར་ངང་བསྙེན་བཀུར་བྱས་པ་དེས་རྫོང་དེ་ཡོངས་ཀྱི་འགན་ལེན་ལྔ་བྱེད་ཡུལ་གྱི་18.1%བཟུང་ཡོད། རྫོང་སྲིད་གཞུང་གིས་ལོ་ལྟར་འགན་ལེན་ལྔའི་བསྙེན་བཀུར་གྱི་འགྲོ་གྲོན་དུས་ཐོག་ཏུ་སྤྲོད་པ་ཕུད་ད་དུང་ཚད་ཡོད་ཀྱི་ནོར་སྲིད་མ་དངུལ་ཁྲོད་ནས་སྒོར་ཁྲི་46.8བཏོན་ཏེ་སྤྱི་ཚོགས་ཕན་བདེ་ཁང་གི་འགན་ལེན་ལྔའི་རྒན་རྒོན་གྱི་ཟ་འཐུང་དང་འཚོ་བའི་གནས་ཚུལ་ལེགས་སུ་གཏོང་བ་དང་འགན་ལེན་བྱས་པས་མིག་སྔར་མི་རེར་ཆ་སྙོམས་ཟླ་རེར་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྒོར་360སྤྲོད་ཀྱི་ཡོད། གཞན་ཡང་རྫོང་སྲིད་གཞུང་གིས་ད་དུང་བོད་ཀྱི་དམིགས་བསལ་ཡུལ་སྲོལ་གོམས་གཤིས་དང་ཟུང་འབྲེལ་བྱས་ཏེ་རྫོང་ནོར་སྲིད་ཡོང་འབབ་ནས་སྒོར་ཁྲི་12བཏོན་ཏེ་རྫོང་སྤྱི་ཚོགས་ཕན་བདེ་ཁང་ལ་སྤྱོད་གོ་ཆེ་བའི་ཚོམས་ཆེན་ཞིག་བརྒྱབ་པ་རེད།
མིག་སྔར་རྫོང་དེ་ཡོངས་སུ་སྤྱི་ཚོགས་ཕན་བདེ་ཁང་1དང་ཤང་རིམ་པའི་རྒན་བཀུར་ཁང་2ཡོད་པར་སྒྲིག་བཀོད་ཆ་ཚང་བ་དང་། ཁོར་ཡུག་སྐྱིད་སྣང་དོད་པ། དོ་དམ་ཚད་ལྡན་ཡིན་པ། ལམ་ལུགས་འཐུས་སྒོ་ཚང་བ། ཞབས་ཞུ་ལེ་ལག་ཚང་བ་བཅས་ཡོད་པ་དེ་ནི་འགན་ལེན་ལྔའི་རྒན་རྒོན་ཚེ་མཇུག་སྐྱིད་ལ་རོལ་ཡུལ་ཡག་པོ་ཞིག་ཡིན་པས་དེ་གར་སྡོད་པའི་མི་ཧྲེང་རྒན་རྒོན་གྱིས་རྒས་དུས་སྤྲོ་སྐྱིད་གཏོང་རྒྱུ་ཡོད་པ་དང་། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་འཚོ་བརྟེན་ཡོད་པ། རྒས་དུས་བྱེད་རྒྱུ་ཡོད་པ་བཅས་མྱོང་ཚོར་ཐུབ་ཡོད།
སྤྱི་ཚོགས་ཕན་བདེ་ཁང་དང་རྒན་བཀུར་ཁང་དུ་ལས་དོན་པས་རྒན་རྒོན་གཉེན་ཉེར་བརྩི་བ་དང་འགན་ལེན་ལྔའི་རྒན་རྒོན་ལ་གང་ས་ཅི་ཐད་ནས་སྤུས་ལེགས་དང་ཁྱོན་ཡོངས་ཀྱི་ཞབས་ཞུ་བྱེད་ཀྱི་ཡོད་པ་གསར་འགོད་པས་མཐོང་བྱུང་། འཚོ་བའི་ཞབས་ཞུའི་ཐད་ལས་དོན་པས་རྒན་རྒོན་ཚོའི་རྒྱུན་གཏན་གྱི་འཚོ་བའི་གོམས་གཤིས་ལ་བསམ་གཞིག་གང་ལེགས་བྱས་ཏེ་སྡོད་ཁང་བཀོད་སྒྲིག་བྱེད་སྐབས་རྒན་རྒོན་གྱི་འཚོ་བའི་གོམས་གཤིས་དང་བསྟུན་གང་ཐུབ་བྱེད་པའི་གནས་ཚུལ་འོག་གཤིས་ཀ་སོགས་ཕྱོགས་ཁག་ཐད་ཀྱི་གནས་ཚུལ་གཞིར་བཟུང་བགོ་བཤའ་བརྒྱབ་པ་དང་། བཟའ་བཏུང་ཐད་ལྟོ་ཆས་ཡག་པ་དང་། རོ་བཅུད་ལྡན་པ། གཙང་སྦྲ་དོད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་རྒན་རྒོན་གྱི་བཟའ་བཏུང་ཁྱད་ཆོས་ལ་གཞིགས་ནས་གཟའ་འཁོར་རེར་ཚལ་ཐོ་རེ་བསྒྱུར་ཐོག་ཟས་སྣ་འཛོམས་པ་དང་། འཚོ་བཅུད་འདང་ངེས་ཡིན་པ། ལྟོ་ཐེངས་གསུམ་པོ་སྣ་ཁ་མི་འདྲ་བ་བཅས་ཡོང་ཐབས་བྱེད་ཀྱི་ཡོད།
བཀྲ་ཤིས་སྒང་ཤང་རྒན་བཀུར་ཁང་གི་ལོ་68སོན་པའི་རྒན་མོ་ཨ་རྡོར་གྱིས “ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ལ་ལས་ལྟོ་ཆས་སྐྱེལ་བ་དང་ལ་ལས་གྱོན་གོས་འཁྲུ་བ་ལ་སོགས་ང་ཚོ་མི་ཧྲེང་རྒན་རྒོན་གྱི་ད་ཆའི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད་པ་ནི་ཏང་དང་སྲིད་གཞུང་གིས་རྒན་རྒོན་ལ་ཐུགས་ཁུར་གནང་བས་རེད། གལ་ཏེ་གུང་ཁྲན་ཏང་མེད་ཚེ་ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་མི་སྲིད་པས་ཏང་དང་སྲིད་གཞུང་གིས་ང་ཚོར་དྲོ་སྐྱིད་སྦྱིན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན ”ཞེས་དགའ་སྤྲོའི་ངང་བཤད།
ད་ཆ་རྒན་མོ་ཨ་རྡོར་དང་འདྲ་བའི་འགན་ལེན་ལྔའི་རྒན་རྒོན་དེ་བས་མང་བ་ཞིག་སྒྲིག་བཀོད་ཆ་ཚང་བ་དང་ཞབས་ཞུ་འཐུས་སྒོ་ཚང་བའི་རྒན་བཀུར་ཁང་ནང་བསྡད་དེ་ཚེ་མཇུག་བདེ་ལ་རོལ་བཞིན་མཆིས།