དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྫབ་རླངས་རྫིང་བུས་དམངས་ལ་ཕན་པ་བསྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        2006ལོ་ནས་བཟུང་གོང་དཀར་རྫོང་གིས་རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་8དུ་རྫབ་རླངས་རྫིང་བུའི་རྣམ་གྲངས་དང་གྲོང་གསེབ་ཀྱི་རྫབ་རླངས་རྫིང་བུ་འཛུགས་སྐྲུན་གྱིས་ནང་མཁོ་རྒྱ་ཆེར་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་ཤིང་། ལོ་5ཡི་ནང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གྲོང་ཚོ་དེའི་ཁྱིམ་སྤྱོད་རྫབ་རླངས་རྫིང་བུ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

        རྫོང་དེའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་གཞིར་བཟུང་ས་གནས་དེ་གའི་མང་ཚོགས་ཚོས་རྫབ་རླངས་རྫིང་བུ་འཛུགས་སྐྲུན་བྱས་པ་དེ་ནི་རྫབ་རླངས་ལ་བརྟེན་ནས་ཆུ་བསྐོལ་བ་དང་ལྟོ་ཆས་བཟོ་བ་ཕུད་རྫབ་སྙིགས་དང་རྫབ་ཆུ་དེ་ནི་ཞིང་པ་ཚོས་དགའ་ཤོས་བྱེད་པའི་སྐྱེ་ལྡན་ལུད་ལ་གྱུར་གྱི་ཡོད་པ་རེད།

        གོང་དཀར་རྫོང་སྐྱིང་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོར་ཁྱོན་ཞིང་དུད་133དང་མི་གྲངས་574ཡོད་ཅིང་། མིག་སྔར་གྲོང་ཚོ་དེས་ཁྱིམ་སྤྱོད་རྫབ་རླངས་རྫིང་བུ་ངོ་གྲངས་109འཛུགས་སྐྲུན་བྱས་ནས་ཁྱིམ་ཚང་དུ་འཛུགས་སྐྲུན་བྱེད་ཚད་82%ཟིན་པ་དང་ཐོན་པའི་རྫབ་རླངས་རྫིང་བུ་སྤྱོད་ཚད་100%ཟིན་ཡོད། རྫབ་རླངས་རྫིང་བུ་བསྐྲུན་རྗེས་ལོ་རེར་ཆ་སྙོམས་དུད་ཚང་རེར་ཡོང་འབབ་སྒོར་2300ཙམ་མང་དུ་ཕྱིན་ཡོད། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བག་གྲོས “རྫབ་རླངས་རྫིང་བུའི་རྣམ་གྲངས་ལག་བསྟར་མ་བྱས་གོང་གྲོང་མི་ཚོས་མེ་བཏང་སྟེ་ལྟོ་ཆས་བཟོ་བ་དང་དྲོད་ལེན་པ་སོགས་ཚང་མ་ཤིང་དང་། ལྕུག་ཕྲན། ལ་མ་བཅས་གཅོད་པ་དང་སྔོག་འཐུ་བྱ་རྒྱུར་བརྟེན་དགོས་ཀྱི་ཡོད་པ་དང་རྫབ་རླངས་རྫིང་བུའི་རྣམ་གྲངས་ལག་བསྟར་བྱས་རྗེས་ས་གནས་དེ་གའི་ཞིང་དུད་ལ་བདེ་འཇགས་ལྡན་པ་དང་། ཁོར་ཡུག་ཡག་པ། གཙང་སྦྲ་དོད་པ་བཅས་ཀྱི་འཚོ་བའི་འབུད་རྫས་མཁོ་འདོན་བྱས་ནས་ཤིང་གང་བྱུང་དུ་གཅོད་པའི་བྱེད་སྤྱོད་ལ་བཀག་འགོག་ནུས་ལྡན་ཐུབ་ཡོད་ལ་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ལའང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད ”ཅེས་ངོ་སྤྲོད་བྱས།

        བག་གྲོས་བཤད་པའི་སྐད་ཆ་དེ་ཐོག་ནས་གྲོང་ཚོ་དེའི་ཞིང་དུད་ཚང་མའི་སེམས་གཏིང་གི་སྐད་ཆ་མཚོན་པར་བྱས་པ་དང་། གྲོང་མི་པ་སངས་ནི་ཁྱིམ་ཚང་གི་རྫབ་རླངས་རྫིང་བུ་སྤྱད་དེ་ཕན་པ་ཐོབ་མཁན་ཞིག་ཡིན་པ་རེད། པ་སངས་ཀྱིས་ཚོད་རྩིས་རགས་ཙམ་བྱས་ན་དེ་སྔོན་དུད་ཚང་རེས་ལོ་རེར་ཉུང་མཐར་ཡང་འབུད་ཤིང་སྤྱི་ཆིང་1500འབུད་ཀྱི་ཡོད་པ་མ་ཟད། མེ་ཤིང་གཅོད་པར་ད་དུང་ངལ་རྩོལ་ནུས་ཤུགས་ཆེན་པོ་ཞིག་འདོན་དགོས་ཀྱི་ཡོད། རྫབ་རླངས་རྫིང་བུ་ཆུང་ཆུང་དེ་འཛུགས་སྐྲུན་བྱས་པ་དེས་འབུད་རྫས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་རྫབ་སྙིགས་དང་རྫབ་ཆུ་དེ་ཞིང་པ་ཚོས་དགའ་ཤོས་བྱེད་པའི་སྐྱེ་ལྡན་གྱི་ལུད་ཅིག་ཏུ་གྱུར་ཡོད་ཅེས་སྤྲོ་སྣང་ཆེན་པོའི་སྒོ་ནས་གསར་འགོད་པར་བཤད།

        གསར་འགོད་པས་པ་སངས་ཁྱིམ་གྱི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་དུ་བསྐྱོད་སྐབས་དེའི་ནང་གི་སྔོ་ཚལ་སྣ་ཚོགས་སྐྱེ་ཚུལ་ཡག་པོ་ཡོད་པ་མཐོང་བྱུང་། པ་སངས་ཀྱིས་ལོ་ལྟར་སྔོ་ཚལ་དྲོད་ཁང་ཆེ་མོ་ནས་ཐོན་པའི་སྔོ་ཚལ་གྱིས་ཁྱིམ་ཚང་གི་དགོས་མཁོ་སྐོང་ཐུབ་ཀྱི་འདུག་ལ་ལྷག་མ་མི་ཉུང་བ་ཞིག་ཀྱང་ཐོན་གྱི་འདུག ཞིང་ཞོར་དུས་ཚིགས་སུ་རང་ཉིད་ཀྱིས་སྔོ་ཚལ་ལྷག་མ་རྣམས་ཚོང་འདུས་ཁྲོམ་རར་བཙོངས་པ་དེ་ལས་ཡོང་འབབ་མང་པོ་ཞིག་ཀྱང་ཡོང་གི་འདུག འོན་ཀྱང་ལོ་ཤས་གོང་དུ་བདེ་སྐྱིད་ཀྱི་འཚོ་བ་འདི་འདྲ་ཞིག་ཡོང་བསམ་པ་བསམ་བློར་གཏན་ནས་འཁོར་མྱོང་མེད། ལོ་5ཡི་གོང་དུ་གྲོང་ཚོའི་གྲོང་མི་རྣམས་སྔོ་ཚལ་སོས་པ་ཞིག་བཟའ་བསམས་ན་ལམ་ཐག་སྤྱི་ལེ་བཅུ་གྲངས་ཁ་ཤས་ཡོད་པའི་རྩེད་ཐང་གྲོང་རྡལ་དུ་ཉོ་བར་འགྲོ་དགོས་ཀྱི་ཡོད་ཅེས་བཤད།

        “ཁྱིམ་སྤྱོད་རྫབ་རླངས་རྫིང་བུ་བསྐྲུན་པའི་སྣོད་བཅུད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་དེ་གྲོང་ཚོའི་བཀོད་པ་གཙང་དུ་ཕྱིན་པའི་འགྱུར་ལྡོག་ཐོག་ནས་མངོན་ཐུབ ” གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བག་གྲོས “རྫབ་རླངས་རྫིང་བུ་མ་སྐྲུན་གོང་ང་ཚོའི་གྲོང་ཚོར་ཕྱུགས་རིགས་ཀྱི་ལྕི་བ་དང་སྐྱེ་ལྡན་གད་སྙིགས་གང་བྱུང་དུ་གཤོ་བའི་སྣང་ཚུལ་ཚབས་ཆེན་པོ་ཡོད་པ་དེས་གྲོང་ཚོ་བཀོད་གཙང་ཡོང་རྒྱུར་ཐད་ཀར་ཤུགས་རྐྱེན་ངན་པ་ཐེབས་ནས་ནད་འབུ་ཕྲ་མོ་དང་གནོད་འབུ་སྣ་ཚོགས་སྐྱེ་འཕེལ་བྱ་རྒྱུར་ཆ་རྐྱེན་བཏོད་ཡོད། ད་ཆ་མིའི་བཙོག་གཅིན་དང་ཕྱུགས་རིགས་ཀྱི་ལྕི་བ་བེད་སྤྱོད་གང་ལེགས་ཐུབ་ནས་གྲོང་གསེབ་ཀྱི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་ཡག་པོ་ཐུབ་ལ་གྲོང་གསེབ་ཀྱི་འཕྲོད་བསྟེན་དང་ཁོར་ཡུག་ཀྱང་ཧ་ཅང་ལེཌ་སུ་ཕྱིན་ཡོད ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།